ན་གཞོན་སྙན་ངག་པ་ཅོ་བྱང་སྐར་གྱི་སྙན་དེབ་ཐོག་མ《རྟོག་པ་འགྱུ་མའི་གླུ་སྐད》ཅེས་པ་ཉེ་ལམ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམས་སྤེལ་བྱས།

སྙན་དེབ་འདི་ནི་རྩོམ་པ་པོས་མི་ལོ་དུ་མའི་རིང་ལ་བྲིས་པའི་བརྗོད་པ་དག་ལས་བཅད་མ་མང་ཤས་ཕྱོགས་གཅིག་ཏུ་བསྡུས་ནས་པར་སྐྲུན་བྱས་པའི་སྙན་དེབ་ཐོག་མ་ཡིན་ལ། ནང་སེམས་ཀྱི་འཇིག་རྟེན་དང་ཕྱི་སྣོད་ཀྱི་འཇིག་རྟེན་སོགས་ལ་གྲུབ་པའི་མཐོང་ཐོས་མྱོང་གསུམ། མ་ཟད་ཁ་བ་རི་བོའི་རི་ཆུའི་བཀོད་པ་དང་ནང་སྒོས་སུ་ཕ་ཡུལ་ཅོ་ནེའི་རི་ཆུ་ནགས་གསུམ་ལ་བསྟོད་པ། བྱིས་དུས་ཀྱི་འཚོ་བར་ཕྱིར་དྲན་དང་དུས་བཞི་ཡི་འགྱུར་ལྡོག་གི་ཚོར་སྣང་། དུས་རབས་ཀྱི་འཕེལ་འགྲིབ་ལ་བསམ་གཞིགས། མི་ཆོས་ཀུན་སྤྱོད་ཀྱི་དར་རྒུད་ལ་སེམས་ཁུར། སྤྱི་ཚོགས་ཀྱི་ཟུར་ངོས་མང་པོར་སུན་འབྱིན་བྱས་པ་སོགས་ལས་གྲུབ།

ཅོ་བྱང་སྐར། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཤར་ཅོ་ནེ་ས་ཆའི་ཆོས་དཔལ་གཉིས་ཀྱི་ཞིང་ས་སྟེ། ཉིན་པ་སྡེ་བ་ནས་ངུ་ངག་གི་དབྱངས་རྟ་ཐོག་མ་མི་ཡུལ་དུ་བསྒྲགས། ནུབ་བྱང་མི་རིགས་སློབ་ཆེན་ནས་སློབ་མཐར་ཕྱིན་རྗེས་ཁྲེན་ཏུའུ་སྤོས་ལྡན་གྲོང་ཁྱེར་དུ་འཁྱམས་ནས་མི་ཚེའི་གདམ་ག་ཐོག་མ་དེ་རང་གིས་བཙལ་ཞིང་། ད་ལྟ་གསར་འགོད་པའི་ལས་ཀ་གཉེར་ཞོར་བཤད་འདོད་པའི་སྐད་ཆ་དག་ཡི་གེར་ཕབ་བཞིན་ཡོད།

རང་གི་དགའ་ཕྱོགས་ཀྱི་མཐའ་འཁྱོངས་ཕྱིར་མི་ལོ་བཅུ་ཙམ་ལ་སྦྱངས་རྩོམ་གྱི་ལམ་དུ་ཞུགས་ཤིང་། སྔ་ཕྱིར་སྦྲང་ཆར་དང་ཟླ་ཟེར། བོད་ཀྱི་རྩོམ་རིག་སྒྱུ་རྩལ། མཚོ་སྔོན་པོ་རྩོམ་རིག་སྒྱུ་རྩལ། གངས་དཀར་རི་བོ་དང་མི་རིགས། ཤྭ་སྐྱ་དུས་དེབ་གཙོ་བྱས་གཞུང་སྒེར་གང་རུང་གི་དུས་དེབ་དང་ཚགས་པར། དྲ་ངོས་སོགས་སུ་རང་གིས་བཤད་འདོད་པའི་སྐད་ཆ་གང་མང་བཀོད། །

ཤིས་ཚིག་དར་དཀར་རིང་མོ།

ན་གཞོན་སྙན་ངག་པ་ཅོ་བྱང་སྐར་ལགས་ཀྱི་སྙན་དེབ་ཐོག་མ༼རྟོག་པ་འགྱུ་མའི་གླུ་སྐད༽ཅེས་པ་དཔར་སྐྲུན་བྱས་པར་རྟེན་འབྲེལ་ཞུ། དེ་དང་ཆབས་གཅིག་ཏུ་མ་འོངས་པར་རྩོམ་རིག་ལམ་ཁ་སྔར་ལས་ཡངས་ཤིང་། དོན་སྙིང་ལྡན་པའི་རྩོམ་མང་དུ་འབྲི་ཐུབ་པའི་ཤིག་ཚིག་ཏུ། །

འཇམ་དཔལ་རྒྱ་མཚོ་ནས།

ལོ་གཞོན་སྙན་ངག་པ་ངའི་སློབ་མ། ཅོ་བྱང་སྐར་ལགས་ཀྱི་《རྟོག་པ་འགྱུ་མའི་གླུ་སྐད》ཅེས་པའི་སྙན་དེབ་ཐོག་མ་པར་བསྐྲུན་གནང་འཆར་གྱི་འཕྲིན་བཟང་དེ་དབྱར་གྱི་དཔལ་མོ་དང་འགྲོགས་ཏེ་ངའི་སྐར་འཕྲིན་གྱི་ངོས་སུ་འབྱོར། ངས་ཅོ་བྱང་སྐར་ལགས་ཀྱི་སྙན་དེབ་དེ་དངོས་སུ་ཀློག་པའི་གོ་སྐབས་མ་བྱུང་ཡང་། ཁོང་གི་སྙན་ངག་སྤེལ་མ་རྣམས་ལ་བསྔགས་བརྗོད་ཀྱི་གླུ་དབྱངས་འབུལ་མཁན་མང་དུ་མཆིས་པ་དེས་སྙན་ངག་ནི་མི་སེམས་གཡོ་བྱེད་ཅིག་དང་བརྩེ་དུང་གི་མཚོ་མོ་བརྡོལ་བྱེད་ཅིག་ཡིན་པའི་རྩོམ་རྩལ་ཞིག་སྙན་དེབ་དེ་ལས་རྙེད་ཐུབ་པའི་རྟགས་རེད། དེ་ལྟ་བུར་འབད་པ་ནི་སྙན་ངག་པ་ཞིག་གིས་འོས་འགན་ཡང་རེད། མི་རིགས་ལ་འཆང་བའི་བརྩེ་སེམས་ཤིག་དང་མི་རིགས་དེའི་སྤྱི་ཚོགས་སུ་འགན་ཁུར་བའི་བསམ་བློ་གསོན་པོ་གཏིང་ཟབ་པ་ཞིག་ཡོད་རྒྱུ་ནི་བླ་ན་མཐོ་བའི་སྙན་ངག་པ་ཞིག་ཏུ་འགྱུར་བྱེད་ཡིན་ལ། ཚིག་རྒྱན་འོས་པར་སྤུད་པ་ནི་སྙན་ངག་པའི་ཐུན་མིན་སྒྱུ་རྩལ་རེད། ཁྱོད་རང་སྙན་ངག་གི་ལམ་དུ་ཞུགས་ཤིང་གྲུབ་འབྲས་ངེས་ཅན་བླང་པའི་གོམ་མཚམས་སྔར་ལས་ཤུགས་ཆེར་སྐྱོད་རྒྱུ་དེ་ངའི་རེ་བ་ཡིན། སྙན་ངག་པ་ནི་ནམ་ཡང་ལུས་སེམས་ལ་རྒ་བ་མེད་པ་ཞིག་ཡིན་དགོས། སྐར་འཕྲིན་བརྒྱུད་དེ་ཁྱོད་ཀྱི་སྙན་དེབ་ཐོག་མ་པར་བསྐྲུན་གནང་པར་བཀྲ་ཤིས་བདེ་ལེགས་ཞུ།

ཁ་སྒང་བཀྲ་ཤིས་ཚེ་རིང་ནས།

ན་གཞོན་སྙན་ངག་པ་ཅོ་བྱང་སྐར་གྱི་སྙན་དེབ་ཐོག་མ༼རྟོག་པ་འགྱུ་མའི་གླུ་སྐད༽ཅེས་པ་དངོས་སུ་པར་སྐྲུན་གནང་བར་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག་མ་འོངས་པའི་གསར་རྩོམ་གྱི་ལམ་ཁ་སྔར་ལས་ཡངས་ཤིང་། སྒྱུ་རྩལ་བསམ་བློས་ཕྱུག་པ་དང་ནང་དོན་ཕུན་སུམ་ཚོགས་པའི་རྩོམ་རབ་མང་པོ་འཁྲུང་བའི་སྨོན་འདུན་ཁ་མིན་སྙིང་ནས་ཞུའོ། །བཀྲ་ཤིས་བདེ་ལེགས།

ཚེ་མགོན་ནས།

སྙན་ངག་པ་ཅོ་བྱང་སྐར་གྱི་སྙན་དེབ《རྟོག་པ་འགྱུ་མའི་གླུ་སྐད》ཅེས་པ་པར་ལ་བཏབ་པར་སྙིང་ཁོང་རུས་པའི་གཏིང་ནས་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག་རྗེས་སུ་སྙན་ངག་པའི་གསར་རྩོམ་ལ་གྲུབ་འབྲས་གསར་བ་སྨིན་པ་དང་། ཕྱིས་འབྱུང་བརྩམས་ཆོས་རྣམས་ཀྱིས་སྔར་ལྟར་ཀློག་པ་པོའི་ཡིད་སེམས་ལ་བདུད་རྩི་འབྱོ་བའི་སྨོན་འདུན་ཞུ་ཞུ།

བཀྲ་བྷ་ནས།

ཅོ་བྱང་སྐར་གྱི་སྙན་དེབ་༼རྟོག་པ་འགྱུ་མའི་གླུ་སྐད་༽ཅེས་པ་པར་སྐྲུན་གནང་བར་ལྷག་བསམ་རྣམ་དག་གིས་རྟེན་འབྲེལ་ཞུ།

ལོ་ན་གཞོན་ཡང་ཤེས་རིག་རྣམ་དཔྱོད་རྒྱས། །

རྣམ་དག་སེམས་ཀྱིས་རང་རིགས་གཅེས་སུ་འཛིན། །

བརྗོད་དོན་ཟབ་ཅིང་སྙན་ཚིག་རྣམ་པར་མཛེས། །

བརྩོན་འགྲུས་ལྷོད་མེད་འབྲས་ལ་སྙིང་ནས་བསྔགས། །

གཅོད་པ་དོན་གྲུབ་ནས།

ཤིས་ཚིག་བཀྲ་ཤིས་ལྷ་དར།

རྣམ་དཔྱོད་གསེར་གྱི་མེ་ལོང་ཕྱིས་པའི་ལྟོར། །

གངས་ལྗོངས་སྣོད་བཅུད་ཡི་གེའི་གཟུགས་འཕོས་པ། །

འགོག་མེད་འཆར་བའི་གྲགས་སྙན་ལྷ་ཡི་དར། །

རབ་དཀར་གངས་རིའི་རྒྱན་དུ་རྣམ་པར་གཡོ། །

ཕྱག་རྡོར་ཚེ་རིང་ནས།

སྙིང་གི་གཏིང་རུམ་ནས་འཕྱུར་བའི། །

ངག་གི་སྒྱུ་རྩལ་གྱི་དབྱངས་རྟ། །

རང་བྱུང་རང་ཤར་གྱིས་བརྡོལ་བས། །

ཚོར་འདུའི་དོན་སྙིང་ནི་ཡིན་ངེས། །

སྐད་ཆ་མང་རུང་རླུང་དང་འགྲོགས། །

ལུས་གཟུགས་མཛེས་རུང་རོ་རུལ་འགྱུར། །

ནམ་ཡང་ཉམས་མེད་འཚོ་བ་ནི། །

ལྗིད་ཚད་མཐོ་བའི་སྙན་རྩོམ་ཡིན། །

ད་ལམ་གྲོགས་པོ་ཚེ་བརྟན་གྱིས། །

མི་ཡུལ་དབྱངས་ལ་གྱེར་པ་ཡི། །

སྙན་རྩོམ་གཏམ་གྱི་རོལ་མོ་འདི། །

དུས་རབས་ཤིག་གི་མཆོད་སྤྲིན་ཡིན། །

ལྕང་ཞབས་པ་ནས།

ཤིས་ཚིག

སྣང་ཡུལ་འཇའ་ཚོན་སྒྱུ་མའི་ཐང་ཆེན་དུ། །

རྟོག༵་པ༵་སྣ་ཚོགས་འ༵གྱུ་བའི་རྩེད་འཇོ་ཡིས། །

སྒྲ་མ༵འི་འཕང་འགྲོའི་རྒྱུད་ལ་དྲངས་པའི་གླུ༵། །

སྐ༵ད་ཀྱི་དྭངས་མར་མཆོད་ལ་རྟེན་འབྲེལ་ཞུ། །

ལྡོང་ཆུ་ཤེལ་ནས།

ཚིག་གི་སྙན་ཆས་ཡིད་སེམས་འགུགས། །

དོན་གྱི་ཉམས་འགྱུར་ལྷང་ངེར་གསལ། །

སྙན་ངག་དམ་པའི་བྱེད་ནུས་ཅན། །

རྟོག་པ་འགྱུ་མའི་གླུ་སྐད་ཡིན། །

ཨ་སྔགས་པ་ནས།

རྡོག་སྒྲ་ནི་མདུན་སྐྱོད་ཀྱི་བརྡ་རྟགས་རེད།

རྐང་རྗེས་ནི་འཚོ་གསོན་གྱི་ཤུལ་བཞག་རེད།

འགྱེལ་ཀྱང་ཡར་ལངས་ནས་གོམ་ཁ་མདུན་དུ་སྒྱུར་དང་།

ཤུལ་བཞག་དེ་འཇིག་རྟེན་གསར་པ་ཞིག་ཏུ་འཇོག་ཐུབ།

རྒན་གོང་ཨོ་རྒྱན་རྡོ་རྗེ་ནས།

ལུས་ཀྱི་ལང་ཚོ་དབེན་པའི་འབྲོག་ནས་འཕེལ། །

རིག་པའི་གཤོག་རྩལ་སློབ་གྲྭའི་མཐིལ་ནས་རྒྱས། །

ལྷག་བསམ་དཀར་པོའི་དབྱིག་ནོར་དེབ་ཆུང་ལས། །

སྙན་པའི་ངག་གི་དབྱངས་རྟ་དར་དིར་འཁྲོལ། །

བརྡ་དག་ཚིག་ལ་དོན་བཟང་འབྲས་བུས་བརྒྱན། །

སྡེབ་ལེགས་ངག་ལས་ཉམས་བརྒྱའི་དཔལ་ཡོན་རྡོལ། །

དྲན་རྟོག་ཆོ་འཕྲུལ་ཚངས་དབྱངས་ངག་ཏུ་ཤར། །

ཚིག་རྒྱན་མཁའ་ནས་བློ་གྲོས་སྐར་ཆེན་འཛུམ། །

སྙན་དེབ་སྐྱ་རེངས་གསར་པའི་འོད་སྣང་འདིས། །

གངས་ལྗོངས་ལྷ་ལམ་ཡངས་པོར་གསལ་གྱུར་ཏེ། །

ཕྱི་ནང་ཤེས་རིག་ཉིན་བྱེད་དབང་པོའི་དཔལ། །

མགྲོན་དུ་འགུག་པའི་ཕོ་ཉ་ཉིད་གྱུར་ཅིག །

རྫ་པ་ཚེ་རིང་འགྱུར་མེད་ནས།

སྤོས་ངད་ལྡང་བའི་གྲོང་ཁྱེར་གྱི་ཚོགས་འདུ་ཞིག་ཏུ་ཅོ་བྱང་སྐར་ལགས་ཐོག་མར་ངོ་ཤེས། དེ་ནས་འབྲོག་ཐང་གི་བསམ་གཞིག་སྐྱུར་མོ་ཞེས་པའི་སྙན་ངག་ཅིག་བརྒྱུད་དེ་ཅུང་ཟད་འདྲིས་པར་གྱུར། ད་རེབ་ཁོང་གིས་༼རྟོག་པ་འགྱུ་མའི་གླུ་སྐད་༽ཅེས་པའི་སྙན་དེབ་ཅིག་པར་དུ་བསྐྲུན་འགྱུར་གྱི་གཏམ་བཟང་དེ་གུས་པར་སྦྲན་པའི་སྐབས་དང་བསྟུན། གུས་པས་ཀྱང་སེམས་བསམ་པའི་གཏིང་ནས་རྟེན་འབྲེལ་ཞུ་བ་དང་སྦྲགས། སླད་མར་གསར་རྩོམ་གྱི་རྒྱུན་མི་གཏོང་ཞིང་འབྲས་བུ་གོང་ནས་གོང་དུ་འཕེལ་བའི་སྨོན་ལམ་བཏབ་པ་ཡིན།

ཆོས་སྐྱོང་ངམ་ཨ་བུར་ནས།

ན་གཞོན་སྙན་ངག་པ་ཅོ་བྱང་སྐར་ལགས་ཀྱི་སྙན་དེབ་ཐོག་མ༼རྟོག་པ་འགྱུ་མའི་གླུ་སྐད༽ཅེས་པ་མི་ཡུལ་དུ་བལྟམས་ལ་ཉེ་བའི་སྐབས་འདིར། ཁོ་བོས་རྟེན་འབྲེལ་གྱི་ཤིས་ཚིག་སྙིང་ག་ནས་བསྒྲོན་པའི་མཚུངས་སུ། ཁོང་གི་ལོ་ངོ་དུ་མའི་རིང་གི་དཀའ་སྤྱད་འབད་འབུངས་དང་ནན་ཏུར་རྒྱུན་འཁྱོངས་ལ་ཡི་རང་འབུལ་ཞིང་། སླད་མར་ཡང་སྨྱུག་རྩེ་མ་ལྷོད་པར་མུ་མཐུད་དུ་གངས་རི་ར་བའི་ལས་དབང་མཚོན་པའི་རྩོམ་མང་པོ་བྲི་ཐུབ་པའི་སྨོན་ལམ་འདེབས་སོ། །

ཁྲི་སེམས་དཔའ་ནས།

2020ལོའི་ཟླ་4བའི་ཚེས་16ཉིན་གྱི་ཉིན་གུང་ལ་རྒྱལ་ནང་སྤོས་ལྡན་གྲོང་དུ་བཞུགས་པའི་ཐག་རིང་གི་སྤུན་ཟླ་གྲོགས་པོ་ཅོ་བྱང་སྐར་རམ་ཚེ་བརྟན་ལགས་ནས་འཕྲིན་ཕྲན་རྒྱུད་ཁོང་གི་སྲོལ་རྒྱུན་ཚིགས་བཅད་སྙན་ངག་དཔེ་དེབ་༼རྟོག་པ་འགྱུ་བའི་གླུ་སྐད༽པར་སྐྲུན་བྱ་རྩིས་ཡོད་པ་ཤེས་རྗེས་ཁོང་གི་བརྩོན་འགྲུས་ལ་ཡི་རང་ཞུ་རྒྱུ་མ་ཟད་བཀྲིས་བདེ་ལེགས་ཀྱི་སྨོན་འདུན་ཡང་ཞུ་བ་ཡིན། རང་ངོས་ཤེས་རྒྱ་དམན་ལ་ལྷག་པར་རྩོམ་རིག་གི་དད་ཞེན་ཙམ་ལས་བྱས་བ་ཆེར་མེད་རྐྱེན་ཅོ་བྱང་སྐར་ལགས་ཚུད་པའི་བོད་ཀྱི་གཞོན་སྐྱེས་རྩོམ་པ་པོའི་གསར་རྩོམ་ལ་མྱོང་རོལ་བྱེད་པའི་ཞོར་དུ་སྲོལ་རྒྱུན་སྙན་ངག་གསར་རྩོམ་ཀྱི་ལག་ལེན་ལ་མ་བོར་བའི་གཞོན་སྐྱེས་ཡོད་དོ་ཅོག་ལ་ཡིད་སྨོན་ཞུ་བཞིན་ཡོད། བཀྲིས་བདེ་ལེགས།

དཔལ་མཆོག་ནས།

获悉蓉城的老弟卓玛才旦诗歌集即将出版,祝您在诗歌创作的道路上越走越远,生产出更多的绝妙佳作!

洛赛