ཁོང་ཡུང་གིས་མཚོ་ཤར་གྲོང་ཁྱེར་གྱི་གཞུང་ལམ་འཛུགས་སྐྲུན་ཇུས་གཞིར་རྟོག་ཞིབ་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།སྤྱི་ཟླ6པའི་ཚེས3ཉིན། ཧྲིན་ཀྲང་གཞོན་པ་ཁོང་ཡུང་མཚོ་ཤར་གྲོང་ཁྱེར་གྱི་ཡ་རྫི་ཟ་ལར་རིགས་རང་སྐྱོང་རྫོང་དུ་ཕྱིན་ནས་ཞིང་ཆེན་རིམ་པའི་གཞུང་ལམ202ཡ་རྫི་རྫོང་མཁར་ནུབ་མཚམས་ཀྱི་ཇུས་གཞིའི་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་འཛུབ་སྟོན་བྱས་ཤིང་། ཡུལ་དངོས་ནས་ཏ་ཧུ་ཅཱ་ནས་རཀྴི་མདོའི་གཞུང་ལམ་དང་། ཀོན་ཐེན་ནས་ཧྭ་ཁྲིན་བར་གྱི་གཞུང་ལམ་གྱི་ཇུས་གཞིའི་སྐུལ་འདེད་གནས་ཚུལ་ལ་ཉན་པ་དང་། བྱ་བའི་ཁྲོད་ཀྱི་དཀའ་ཁག་དང་གནད་དོན་ལ་རྒྱུས་ལོན་གཏིང་ཟབ་བྱས་པར་མ་ཟད། ཡུལ་དངོས་ནས་གནད་དོན་ཐག་གཅོད་པའི་བྱེད་ཐབས་ལ་ཞིབ་འཇུག་བྱས་ནས་ཇུས་གཞིའི་འཛུགས་སྐྲུན་ལ་མཉམ་དུ་སྐུལ་འདེད་བཏང་།

ཁོང་ཡུང་གིས་བསྟན་དོན། འགྲིམ་འགྲུལ་སྐྱེལ་འདྲེན་ནི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་འགྲོ་ཡིན་ལ། ཤར་ཕྱོགས་ས་ཁུལ་གྱི་འགྲིམ་འགྲུལ་ཇུས་གཞིའི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། རང་རེའི་ཞིང་ཆེན་གྱི་ཤར་ཕྱོགས་ཁུལ་གྱི་གྲོང་ཁྱེར་ཁག་གི་གཞུང་ལམ་དྲ་རྒྱའི་གྲུབ་ཚུལ་འཐུས་ཚང་དུ་གཏོང་བའི་ཐད། མྱུར་བགྲོད་གཞུང་ལམ་ཕན་ཚུན་འབྲེལ་བ་དང་མཐུད་པ་མངོན་འགྱུར་བྱེད་པ་དང་། རྨ་ཆུའི་འགྲམ་རྒྱུད་ཀྱི་ལམ་ཆེན་འགྲུབ་པར་བྱས་ཏེ། མཚོ་སྔོན་ཤར་ཕྱོགས་ས་ཁུལ་གྱི་ཞིང་ཆེན་གྱི་བརྒྱུད་ལམ་གྲུབ་པར་བྱེད་པར་ས་ཁུལ་གྱི་དཔལ་འབྱོར་མཐུན་སྦྱོར་འཕེལ་རྒྱས་ཐད་དོན་སྙིང་གལ་ཆེན་ལྡན།

ཁོང་ཡུང་གིས་ནན་གྱིས་བསྟན་དོན། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་སོ་སོས་བསམ་བློའི་གོ་རྟོགས་མཐོར་འདེགས་བཏང་སྟེ། འགྲིལ་འགྲུལ་གྱི་མ་དངུལ་གཏོང་འཇོག་དངུལ་བསྡུའི་སྒྲིག་སྲོལ་དང་རྐྱེན་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས། ཞིང་ཆེན་དང་གྲོང་ཁྱེར། ཁུལ་དང་རྫོང་རིམ་པའི་འགྲིམ་འགྲུལ་དོ་དམ་དང་འཛུགས་སྐྲུན་འགན་དབང་འགན་འཁྲི་དོན་འཁྱོལ་ནན་མོ་བྱ་དགོས་ལ། འགན་དབང་མཉམ་པ་དང་རིམ་པ་ལྟར་འགན་འཁུར་པ། རིམ་པ་ལྟར་དོ་དམ་བྱེད་པའི་འགྲིམ་འགྲུལ་དོན་དམ་སྒྲིག་སྲོལ་འཛུགས་དགོས། འཕེལ་རྒྱས་ཀྱི་དུས་རིམ་གསར་བར་རྐང་འཛུགས་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་དོན་འཁྱོལ་བྱེད་པ། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་བ་སྐྲུན་པ་ནས་མགོ་བརྩམས་ཏེ། རང་རེའི་ཞིང་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་དང་དངོས་ཡོད་དགོས་མཁོ་དང་བསྟུན་ནས་རིམ་བཞིན་ཞིབ་འཇུག་ར་སྤྲོད་ལ་ཤུགས་བསྣན་ཏེ། འགྲིམ་འགྲུལ་ཇུས་གཞིའི་འཛུགས་སྐྲུན་ལ་ཚན་རིག་རང་བཞིན་གྱི་འཆར་འགོད་དང་ལམ་གྱི་བཀོད་པ་མུ་མཐུད་དུ་ལེགས་བསྒྱུར་བྱ་དགོས། འབྲེལ་འདྲིས་མཐུན་སྦྱོར་ལ་ཤུགས་བསྣན་ནས་མ་དངུལ་བསྡུ་རུབ་དང་རྒྱུ་ཆ་ལས་བཟོ་ཁང་སོགས་ཀྱི་གནད་དོན་གཅིག་གྱུར་སྒོས་ཐག་གཅོད་བྱེད་པ་དང་། བཟོ་སྐྲུན་གྱི་སྤུས་ཚད་ཁག་ཐེག་གི་སྔོན་འགྲོའི་འོག་ཇུས་གཞིའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས་ཟེར།

ཤ་མོ་འཚོས་བསྒྱུར།