ནང་ཆེན་རྫོང་གིས་རྒྱལ་ཁབ་གློག་ཤུགས་མ་དངུལ་གཏོང་འཇོག་དང་མཉམ་དུ་ནུས་རྒྱུ་གཙང་མའི་ཐོན་ལས་དཔེ་སྟོན་གླིང་བསྐྲུན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་དང་རྒྱལ་ཁབ་གློག་ཤུགས་མ་དངུལ་གཏོང་འཇོག་ཚོགས་པའི་མ་རྐང་ཚོད་འཛིན་བྱེད་པའི་ཅི་ལིན་གློག་ཤུགས་མ་རྐང་ཚད་ཡོད་ཀུང་སིས་ནུས་རྒྱུ་གཙང་མ་གསར་སྤེལ་བྱེད་པའི་ཐད་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཞག་ནས། ནང་ཆེན་རྫོང་ཁོངས་སུ་འབྲོག་ལས་དང་ཡུལ་ལྗོངས་གསབ་རེས་ཀྱི་གློག་གཏོང་ལས་གཞི་གསར་སྤེལ་དང་འཛུགས་སྐྲུན་བྱ་རྩིས་ཡོད་པ་དང་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས། གློག་འདོན་ཚད་བསྡོམས་འབོར་ཆན་ཝ་ཁྲི་བརྒྱ་ལྷག་ཙམ་ཟིན་ནས་དཔེ་སྟོན་རང་བཞིན་གྱི་ནུས་རྒྱུ་གཙང་མའི་ཐོན་ལས་གླིང་ཧུར་ཐག་སྒོས་གཏོད་རྒྱུ་རེད།

ནང་ཆེན་རྫོང་ནི་མཚོ་སྔོན་ཞིང་ཆེན་གྱི་ཆེས་ལྷོ་སྣེར་གནས་ཤིང་།ཉི་ནུས་དང་།རླུང་ནུས།ཆུ་ནུས་བཅས་ཕུན་སུམ་ཚོགས་པོ་ཡོད་པས་མིང་དོན་མཚུངས་པའི་ནུས་རྒྱུ་གཙང་མའི་ཐོན་ཁུངས་རྫོང་ཆེན་ཞིག་གོ །ཅི་ལིན་གློག་ཤུགས་མ་རྐང་ཚད་ཡོད་ཀུང་སིའི་ད་ལྟའི་བར་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་ཆན་ཝ་ཁྲི་1000ལས་བརྒལ་བའི་ནང་ནུས་རྒྱུ་གསར་པས་བཟུང་བའི་བསྡུར་ཚད64%ལ་སླེབས་པ་རེད། ཀུང་སིའི་འཕེལ་རྒྱས་ལས་གཞི་ཞིང་ཆེན་དང་།གྲོང་ཁྱེར།རང་སྐྱོང་ལྗོངས་བཅས29ལ་ཁྱབ་ཡོད་པ་རེད། ད་རེས་ཀྱི་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ནང་ནང་ཆེན་གྱི་ཐོན་ཁུངས་ལེགས་ཆ་དང་འབྲོག་ལས་འཕེལ་རྒྱས་ཀྱི་ད་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། ཕྱུགས་ལས་དང་རླུང་ཁམས་གསབ་རེས་ཀྱི་གློག་འདོན་ལས་གཞི་འཕེལ་རྒྱས་སུ་བཏང་ནས་དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། གྲོང་གསེབ་དར་རྒྱས་གཏོང་རོགས་བྱེད་པ།གཙང་གསུམ་ཆུ་འགོའི་ས་ཁུལ་གྱི་ནུས་རྒྱུ་གཙང་མ་གཞན་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་རེད།

རྒྱུས་ལོན་བྱས་པ་ལྟར་ན། ཐོག་མའི་རྩད་ཞིབ་བརྒྱུད། ཅི་ལིན་གློག་ཤུགས་མ་རྐང་ཚད་ཡོད་ཀུང་སིས་ནང་ཆེན་རྫོང་ནུབ་རྒྱུད་ཀྱི་ཡུལ་ཚོ་དང་གྲོང་རྡལ་བཞིར་བཟུང་ནསས། ནུས་རྒྱུ་གཙང་མའི་ལས་གཞི་བསྐྲུན་རྒྱུ་འཆར་འགོད་བྱ་རྩིས་ཡོད་པ་དང་།སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་བསྡོམས་འབོར་ཆན་ཝ་ཁྲི་300ཙམ་ཟིན་རྒྱུ་དང་།མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར120ཟིན་རྒྱུ།དུས་བགོས་གསར་སྤེལ་བྱ་རྒྱུ་རེད། དེའི་ཁྲོད་ཀྱི་དུས་ཐེངས་དང་པོའི་སྐྱེ་ཁམས་དྭངས་གཙང་ནུས་རྒྱུ་གསབ་རེས་ལས་གཞིའི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་80ཟིན་རྒྱུ་དང་མ་དངུལ་སྒོར་དུང་ཕྱུར30གཏང་རྩིས་ཡོད་པ་རེད།

ཤ་མོ་འཚོས་བསྒྱུར།