ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཟི་ལིང་གྲོང་ཁྱེར་ཏང་ཨུས་ཡིག་གཟུགས་པར་རིས་འགྲེམ་སྟོན་སྤེལ་།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། “ཡིག་རིས་མང་པོས་ཏང་གི་བཀའ་དྲིན་བསྟོད། ”ཟླ6པའི་ཚེས9ཉིན་གྱི་སྔ་དྲོར། ཟི་ལིང་གྲོང་མིའི་ལྟེ་གནས་ཀྱི་ཐོག་བརྩེགས་བཞི་པའི་འགྲེམས་ཁང་ནང་། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཟི་ལིང་གྲོང་ཁྱེར་ཨུ་ལྷན་གྱིས་གཉེར་བའི་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་ཡིག་གཟུགས་དང་པར་རིས་བཅས་འགྲེམས་སྟོན་དེ་གར་གཉེར་བ་རེད། གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། དམངས་གཙོ་རྒྱལ་འཛུགས་ཟི་ལིང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་རྣམ་པས་དཔེ་ཆ་པར་ལེན་འགྲེམས་སྟོན་ལ་ཞུགས།

ཐེངས་འདིའི་པར་རིས་འགྲེམས་སྟོན་ནང་ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྱི་ཚོགས་མི་རི་མོ་མཁས་ཅན་གྱིས་ཁྱེར་ཡོང་བའི་བརྩམས་ཆོས60ལྷག་ཙམ་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པ་དང་། བརྩམས་ཆོས་ཀྱི་བརྗོད་བྱ་གཙོ་བོ་ཁ་གསལ་ཞིང་ནང་དོན་ཕུན་སུམ་ཚོགས། རིགས་མང་བར་མ་ཟད། སྲོལ་རྒྱུན་གྱི་རྟོག་ཡུལ་ལྡན་པར་མ་ཟད་དུས་རབས་ཀྱི་རྣམ་པའང་ཡོད། དེའི་ནང་ཚོགས་མི་རྒན་གྲས་ཆན་ཐེན་ལིན་དང་པའེ་ཡུས་ཆའེ་གྱི་བརྩམས་ཆོས་ཚུད་ཡོད་པ་མ་ཟད། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྱི་ཚོགས་མི་ལོ11ལ་སླེབས་པའི་གྲོགས་པོ་ཆུང་ཆུང་ཚོའི་བརྩམས་ཆོས་ཀྱང་ཡོད་པ་རེད། བརྩམས་ཆོས་ཀྱི་རྒྱུན་རིང་ལ་བབ་ཆགས་པའི་རྣམ་པ་མངོན། ཡང་ན་ཚོན་མདངས་རྣམ་པར་བཀྲ་ཞིང་། ཡང་ན་དྭངས་ཤིང་གཙང་། སྒྱུ་རྩལ་མཁས་ཅན་ཚོའི་རྩལ་ནུས་དང་། ཤེས་ནུས། བློ་རྒྱ་བཅས་མཚོན་པར་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་དམངས་གཙོ་རྒྱལ་འཛུགས་ཚོགས་པའི་ཚོགས་མིའི་ཉམས་འགྱུར་མངོན་པ་དང་། ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མངོན་པ། ཡིག་གཟུགས་དང་རི་མོ་མཁས་ཅན་ཚོས་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱས་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་དང་དེ་བཞིན་མེས་རྒྱལ་ལ་དགའ་ཞེན་དང་། ཕ་ཡུལ་ལ་དགའ་ཞེན། འཚོ་བར་དགའ་ཞེན་བཅས་བྱེད་པའི་བབ་ཆགས་ཀྱི་བརྩེ་སེམས་གང་ལེགས་མངོན་པ་བྱས་པ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།