ལོ་བཅུར་འཁོར་སྐྱོད་བྱས་པའི་མཚོ་བོད་དྲ་སྦྲེལ་བཟོ་སྐྲུན་གྱིས་ནུས་ཁུངས་གཙང་མ་བརྟན་ཐོག་ཡར་འཕེལ་ངང་སྐྱེལ་འདྲེན་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ6པའི་ཚེས1ཉིན། “གློག་ཤུགས་མཁའ་ལམ”གྱི་མཚོ་བོད་དྲ་སྦྲེལ་བཟོ་སྐྲུན་དུས་ཡུན་ཉིན་བཅུ་དགུར་ལོ་འཁོར་གྱི་ཞིབ་བཤེར་བཟོ་བཅོས་ཐེངས་བཅུ་པའི་ལས་འགན་ལེགས་སྒྲུབ་བྱས་ནས་བདེ་བླག་ངང་གློག་གི་མཁོ་འདོན་སླར་གསོ་བྱས་པ་རེད། དེ་དབྱེ་མཚམས་སུ་བྱས་ཏེ་བཟོ་སྐྲུན་གློག་གི་སྐྱེལ་འདྲེན་ཁ་ཕྱོགས་ལ་འགྱུར་ལྡོག་བཏང་ནས། བོད་ལྗོངས་སུ་ཆུ་གློག་འབྱོར་ཕྱུག་ཅན་ཕྱིར་སྐྱེལ་བྱེད་འགོ་བཙུགས་པ་རེད། བཟོ་སྐྲུན་འཁོར་སྐྱོད་བྱས་ནས་ལོ་བཅུའི་རིང་དྭངས་གཙང་ནུས་རྒྱུ་སྐྱེལ་འདྲེན་བྱེད་པའི་ནུས་པ་བརྟན་པོའི་ངང་ཆེ་རུ་ཕྱིན་པ་དང་ཕྱོགས་གཉིས་པོས་བསྡོམས་པའི་གློག་ཆུ་ཚོད་སྟོང་ཝ་དུང་ཕྱུར128.16བཏང་བའི་ནང་མཚོ་སྔོན་གྱིས་བོད་ལྗོངས་ལ་གློག་ཆུ་ཚོད་སྟོང་ཝ་དུང་ཕྱུར86.28བཏང་བ་དང་། བོད་ལྗོངས་ཀྱི་ཆུ་གློག་ཆུ་ཚོད་སྟོང་ཝ་དུང་ཕྱུར41.88བཏང་ཡོད།

མཚོ་བོད་དྲ་སྦྲེལ་བཟོ་སྐྲུན་ཤར་མཚོ་སྔོན་ཟི་ལིང་ནས་ནུབ་བོད་ལྗོངས་ལྷ་སའི་བར2011ལོའི་ཟླ12པར་སྤྱོད་འགོ་ཚུགས་པ་རེད། བོད་ལྗོངས་ཀྱི་ཆུ་ནུས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས་དེ་ནི“ནུབ་གློག་ཤར་སྐྱེལ”གྱི་ནུས་རྒྱུའི་འབྲེལ་མཐུད་རྟེན་གཞི་གལ་ཆེན་ཞིག་རེད། འོན་ཀྱང་དགུན་དུས་གློག་ཧ་ཅང་དཀོན་པ་དང་དབྱར་དུས་ཆུ་འབེལ་བའི་དུས་སུ་གློག་འདོན་དཀའ་བའི་འགལ་བ་མངོན་གསལ་ཡིན་པས། མཚོ་བོད་དྲ་སྦྲེལ་བཟོ་སྐྲུན་འཁོར་སྐྱོད་བྱས་ནས་བོད་ལྗོངས་ཀྱི་ནུས་རྒྱུའི་འཇུར་མིག་བསལ་ཏེ་བོད་ལྗོངས་ལ་དུས་ཡུན་རིང་པོའི་ནང་གློག་མཁོ་འདོན་བྱེད་པའི་འགལ་བ་རྩ་བའི་ཆ་ནས་སེལ་ཡོད།

ཤེས་རྟོགས་བྱུང་བ་ལྟར་ན། 2015ལོའི་ཟླ6པར། བཟོ་སྐྲུན་ཀྱིས་ཤུགས་ཚད་ཁ་ཕྱོགས་ལྡོག་ནས་ཚོད་ལྟ་བྱས་པ་བརྒྱུད་བོད་ལྗངས་ཀྱི་ཆུ་གློག་ལ་ལོ་རྒྱུས་རང་བཞིན་གྱི་ཕྱིར་གཏོང་ཐོག་མར་མངོན་འགྱུར་བྱུང་ཡོད། དུས་དེ་ནས་བཟུང་ལོ་ལྟར་གྱི་དབྱར་དུས་དང་སྟོན་དུས་ཀྱི་བོད་ཀྱི་ཆུ་གློག་མཚོ་སྔོན་དུ་བཏང་བ་དང་དགུན་དུས་དང་དཔྱིད་དུས་སུ་མཚོ་སྔོན་དུ་གློག་ལྗང་བོད་དུ་གཏོང་བའི་ཆོས་ཉིད་ཀྱི་ཁྱད་ཆོས་གྲུབ་ནས་བོད་ལ་དཔལ་འབྱོར་ཕན་འབྲས་ཐོན་པ་དང་དུས་མཚུངས་སུ། ཁྱབ་ཁོངས་སྔར་བས་ཆེ་བའི་ནང་ཀྲུང་གོའི་ནུབ་རྒྱུད་ས་ཁུལ་གྱི་ནུས་རྒྱུ་གཙང་མའི་ཐོན་ཁུངས་བཀོད་སྒྲིག་བྱེད་སྟངས་ཀྱང་ཇེ་ལེགས་སུ་བཏང་ཡོད། བོད་ལྗོངས་ས་ཁུལ་གྱི་གློག་དྲའི་གྲུབ་ཆར་ཤུགས་སྣོན་ཐེབས་པ་དང་གློག་སྤྱོད་ཀྱི་ཁུར་པོ་ལྕི་རུ་སོང་བ་དང་ཆབས་ཅིག རྒྱལ་ཁབ་གློག་དྲས་ཚོད་ལྟ་ཐེངས་མང་བྱས་པ་བརྒྱུད་ཐད་རྒྱུག་མ་ལག་གི་ཕྱོགས་གཉིས་སྐྱེལ་འདྲེན་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་ནས་གློག་གཏོང་ཚད་གློག་གཏོང་འགོ་ཚུགས་མ་ཐག་པའི་ཀྲའོ་ཝ100ནས་ད་ལྟའི་ཆེ་ཤོས་ཀྲའོ་ཝ600བར་མཐོ་རུ་ཕྱིན་པ་དང་། ཁྲའེ་ལའི་ཐད་རྒྱུག་ཤུགས་ཚད་མཐོ་བའི་འཁོར་སྐྱོད་རྒྱུན་རྣམ་ཅན་དུ་གྱུར་ཡོད་པ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།