ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་མི་དམངས་དཀྱིལ་སྙིང་དུ་འཛིན་པ་རྒྱུན་འཁྱོངས་དང་། བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་ཏེ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཟབ་མོ་གཏོང་དགོས་ཞེས་གསུངས།

རང་རེའི་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་སྔོན་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་ལེན་མཐར་ཕྱིན་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཆ་ཚང་ཞིང་ཡང་དག་ལ་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ། མི་དམངས་དཀྱིལ་སྙིང་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་ནས་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བ་དང་། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་སྒོས་འཆར་འགོད་དང་། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་སྒོས་འཆར་འགོད་བྱེད་པ། དཀའ་ངལ་ཁྱད་སེལ་དང་གསར་སྤེལ་གསར་གཏོད་བྱས་ཏེ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནས་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་བ་བླངས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཐད་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་འབྲི་དགོས་ཞེས་ནན་གྱིས་བསྟན།

ཟླ་དྲུག་པའི་ཚེས་བདུན་ཉིན་ནས་ཚེས་དགུ་ཉིན་བར། ཞི་ཅིན་ཕིང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་དང་། ཧྲིན་ཀྲང་ཞིན་ཁྲང་ཞིང་གཉིས་ཀྱི་ཕེབས་རོགས་འོག་སྔ་གཞུག་ཏུ་ཟི་ལིང་གྲོང་ཁྱེར་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་སོགས་ཀྱི་ཁེ་ལས་དང་སྡེ་ཁུལ། རང་བྱུང་སྲུང་སྐྱོབ་ཁུལ། ཞིང་སྡེ་སོགས་སུ་ཕེབས་ནས་རྟོག་དཔྱོད་ཞིབ་འཇུག་མཛད།

ཚེས་བདུན་ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཆུའུ་རུ་ཡོད་པའི་མཚོ་སྔོན་ཧྲིན་ཡོན་ས་གདན་སྡེ་ཚོགས་ཚད་ཡོད་ཀུང་ཟིར་ཕེབས་ནས་རྟོག་ཞིབ་མཛད། ཐོན་སྐྱེད་འཁོར་ཁང་དུ། ཞི་ཅིན་ཕིང་གིས་མ་བཅོས་རྒྱུ་ཆ་དང་ཐོན་སྐྱེད་བརྒྱུད་རིམ། ཐོན་རྫས་བཤམས་སྟོན་སོགས་ལ་གཟིགས་ནས། རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་རྒྱ་ཡག་བོད་ཀྱི་ས་གདན་ལག་འཐག་རྩལ་ནུས་སྲུང་སྐྱོབ་དང་རྒྱུད་འཛིན་བྱེད་པར་རྒྱུས་ལོན་མཛད་པ་དང་། ཁེ་ལས་ཀྱིས་ས་དེའི་མང་ཚོགས་ཁྲིད་དེ་ལས་ཞུགས་དང་ཡོང་འབབ་འཕར་སྣོན་ལ་སྐུལ་ཁྲིད་བྱས་པར་ཁས་ལེན་མཛད། ཁེ་ལས་ཀྱི་ལྟ་ཞིབ་ཚད་ལེན་དང་ཇུས་འགོད་སྡེ་ཁག་ཏུ། ཞི་ཅིན་ཕིང་གིས་ཐོན་རྫས་ཀྱི་བརྡར་བཟོད་ཚད་བརྟག་ཞིབ་དང་། ཐོན་རྫས་ཀྱི་ཇུས་འགོད་དཔེ་རིས་ལ་ཞིབ་ཏུ་གཟིགས་པ་དང་། ཐོན་རྫས་ཀྱི་ཚོང་ལམ་དང་ཁེ་ལས་ཀྱི་གསར་གཏོད་འཕེལ་རྒྱས་གནས་ཚུལ་ཞིབ་འདྲི་གནང་། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ན། ཆེས་ཁྱད་ཆོས་ལྡན་པའི་ཐོན་ལས་དང་ཆེས་གསོན་ཤུགས་ལྡན་པའི་ཁེ་ལས་དམ་འཛིན་བྱེད་མཁས་པར་བྱེད་པ་དང་། ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་སྤུས་ལེགས་ཁེ་ལས་སྐྱེད་སྲིང་བྱེད་པ། ཁེ་ལས་ཀྱི་འཕེལ་རྒྱས་ལ་བརྟེན་ནས་ཐོན་ལས་སྤུས་འདེགས་ལ་སྐུལ་ཁྲིད་བྱེད་དགོས། མཚོ་སྔོན་གྱིས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་བྱ་བ་འབོར་ཆེན་བསྒྲུབ་ཆོག་ལ་བསྒྲུབས་ཀྱང་ཡོད། དམངས་གཉེར་ཁེ་ལས་ཀྱི་འཕེལ་རྒྱས་ལ་སྐུལ་ཁྲིད་དང་རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱེད་པའི་སྲིད་ཇུས་ཀྱི་ཁོར་ཡུག་ཧུར་ཐག་གིས་བསྐྲུན་དགོས་པ་དང་། ཁེ་ལས་ཀྱི་གསར་གཏོད་ཞབས་ཞུའི་མ་ལག་མྱུར་དུ་འཐུས་ཚང་དུ་གཏོང་བ་དང་། ཁེ་ལས་ཀྱིས་ཚན་རྩལ་གསར་གཏོད་ཐད་མ་དངུལ་མང་དུ་གཏོང་བར་སྐུལ་མ་གཏོང་བ། སྲོལ་རྒྱུན་བཟོ་རྩལ་དང་དེང་རབས་ལག་རྩལ་ནུས་ལྡན་གྱིས་ཟུང་སྦྲེལ་བྱེད་པར་ཡར་སྐུལ་བཅས་བྱས་ཏེ། ཁེ་ལས་ཀྱི་སྲོག་ཤིང་འགྲན་རྩོད་ནུས་ཤུགས་ཇེ་ཆེར་གཏོང་དགོས། ཐོན་ལས་སྐྱེད་སྲིང་དང་ཁེ་ལས་འཕེལ་རྒྱས་སུ་གཏོང་བ་དེ་མང་ཚོགས་ཀྱི་ལས་ཞུགས་དང་གྲོང་གསེབ་དར་སྤེལ། མི་རིགས་མཐུན་སྒྲིལ་བཅས་དང་གཅིག་གྱུར་སྒོས་བཀོད་སྒྲིག་སྔར་ལས་བཟང་བོ་བྱས་ཏེ། ཕན་ཚུན་ལ་ཡར་སྐུལ་དང་ཕན་ཚུན་ལ་རོགས་འདེགས་བྱེད་དགོས་ཞེས་གསུངས།

ཟླ་དྲུག་པའི་ཚེས་བདུན་ཉིན་ནས་ཚེས་དགུ་ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་སྔོན་མཚོ་སྔོན་དུ་རྟོག་ཞིབ་མཛད། འདི་ནི་ཚེས་བདུན་ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་མཚོ་སྔོན་ཧྲིན་ཡོན་ས་གདན་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་ཐོན་སྐྱེད་འཁོར་ཁང་དུ་རྟོག་ཞིབ་མཛད་པའི་ཚུལ་རེད།

འདི་ནི་ཞི་ཅིན་ཕིངགིས་མཚོ་སྔོན་ཧྲིན་ཡོན་ས་གདན་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་ཇུས་འགོད་སྡེ་ཁག་ཏུ་རྟོག་ཞིབ་མཛད་པའི་ཚུལ་རེད།

འདི་ནི་ཞི་ཅིན་ཕིང་གིས་ཁེ་ལས་ཀྱི་ལས་བཟོ་པར་ཕྱག་བརྡ་སྟོན་པའི་ཚུལ་རེད།

དེའི་རྗེས་སུ། ཞི་ཅིན་ཕིང་ཟི་ལིང་གྲོང་ཁྱེར་མཁའ་ནུབ་ཆུའུ་ཝུན་ཧོས་སྲང་ལམ་ཝུན་ཐེན་ལམ་སྡེ་ཁུལ་དུ་ཕེབས་ནས། ཁོ་ཚོས་གཞི་རིམ་ཏང་འཛུགས་ལ་ཤུགས་བསྣན་པ་དང་། གཞི་རིམ་བཅོས་སྐྱོང་འཐུས་ཚང་དུ་བཏང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་བཏང་བ་བཅས་ཀྱི་བྱ་བ་ཡར་ཞུ་བྱས་པར་གསན་པ་དང་། ཡུལ་དངོས་ནས་དོན་དག་སྒྲུབ་པར་ཡོང་བའི་མང་ཚོགས་དང་གླེང་མོལ་མཛད། ཞི་ཅིན་ཕིང་སྔ་གཞུག་ཏུ་སྡེ་ཁུལ་གྱི་ཡིག་རིས་ཁང་དང་། བདེ་སྐྱིད་ཟ་ཁང་། ཁམས་གསོ་ཁང་། ཞབས་བྲོ་ཁང་། དཔེ་ཀློག་ཁང་བཅས་སུ་ཕེབས་ཏེ། ལས་འཁྱུར་ངལ་གསོ་མི་སྣས་ཡིག་གཟུགས་དང་རི་མོ། གླུ་དབྱངས་སོགས་སྦྱོང་བར་གཟིགས་པ་དང་། སྡེ་ཁུལ་དེས་རྒན་པར་ཟ་མ་འདོན་སྤྲོད་བྱེད་པ་དང་བདེ་ཐང་གི་ཞབས་འདེགས་ཞུ་བ། ལོ་ཆུང་བྱིས་པར་སློབ་ཁྲིད་ཀྱི་རྗེས་སུ་སྤྱི་ཕན་གཉོར་སྐྱོང་གི་ཞབས་འདེགས་ཞུ་བ་སོགས་ཀྱི་བྱེད་ཐབས་ལ་ཁས་ལེན་མཛད།

སྡེ་ཁུལ་གྱི་ཐང་ཆེན་ནས། ཞི་ཅིན་ཕིང་གིས་ཁོང་གི་མཐའ་འཁོར་གྱི་མང་ཚོགས་དང་བརྩེ་བའི་གསུང་གླེང་མཛད། ཁོང་གིས་བསྟན་དོན། སྡེ་ཁུལ་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ཀྱི་གཡུལ་ས་གལ་ཆེན་ཞིག་ཡིན་པའི་ཆ་ནས། རིགས་སོ་སོའི་མི་དམངས་ཀྱི་ལག་གདང་མཉམ་སྦྲེལ་དང་སེམས་པ་མཉམ་སྦྲེལ་གྱི་གོམས་སྲོལ་བཟང་བོ་དར་སྤེལ་བྱས་ཏེ། མི་རིགས་ཚང་མ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་འཆམ་མཐུན་ཁྱིམ་གཞིས་མཉམ་དུ་འཛུགས་སྐྲུན་བྱེད་དགོས། སྡེ་ཁུལ་བཅོས་སྐྱོང་བྱས་པ་བཟང་མིན་དེ་གནད་འགག་ནི་གཞི་རིམ་ཏང་རྩ་འཛུགས་དང་། རྒྱ་ཆེའི་ཏང་ཡོན་ལ་རག་ལས་པས། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་འདི་སྔར་ལས་སྟོབས་ལྡན་དུ་འཛུགས་སྐྲུན་བྱེད་པ་དང་། སྡེ་ཁུལ་གྱི་ཏང་ཡོན་དང་ལས་བྱེད་པའི་གདོང་མཆོང་མིག་དཔེའི་ནུས་པ་འདོན་སྤེལ་བྱེད་པ། གཞི་རིམ་ཏང་རྩ་འཛུགས་ཀྱིས་མགོ་ཁྲིད་པའི་གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་པ་བཅས་བྱས་ཏེ། སྡེ་ཁུལ་གྱི་བྱ་བ་དག་དོན་ཐོག་དང་དམིགས་ཐོག་ཏུ་འབྱོར་བར་བྱས་ནས། མང་ཚོགས་ཀྱིས་དོ་སྣང་དང་སེམས་ཁུར་བྱེད་པའི་དོན་དག་རེ་རེ་བཟང་བོར་སྒྲུབ་པའི་ཁྲོད་ནས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་ཚོར་བཅས་མཐོར་འདེགས་སུ་གཏོང་དགོས། ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས། མི་དམངས་སྔར་ལས་བདེ་སྐྱིད་ལྡན་པར་བྱེད་པའི་ཐད་ཡང་འབད་བསྐྱར་འབད་དང་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་གསུངས།

འདི་ནི་ཚེས་བདུན་ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཟི་ལིང་གྲོང་ཁྱེར་མཁའ་ནུབ་ཆུའུ་ཝུན་ཧོས་སྲང་ལམ་ཝུན་ཐེན་ལམ་སྡེ་ཁུལ་གྱི་བདེ་སྐྱིད་ཟ་ཁང་དུ་གནས་ཚུལ་ལ་རྒྱུས་ལོན་མཛད་པའི་ཚུལ་རེད།

འདི་ནི་ཞི་ཅིན་ཕིང་གིས་སྡེ་ཁུལ་གྱི་ཞབས་བྲོ་ཁང་དུ་ལས་འཁྱུར་ངལ་གསོ་མི་སྣས་གླུ་དབྱངས་སྦྱོང་བར་གཟིགས་བཞིན་པའི་ཚུལ་རེད།

འདི་ནི་ཞི་ཅིན་ཕིང་གིས་སྡེ་ཁུལ་གྱི་དཔེ་ཀློག་ཁང་དུ་ལོ་ཆུང་བྱིས་པར་སློབ་ཁྲིད་ཀྱི་རྗེས་སུ་སྤྱི་ཕན་གཉོར་སྐྱོང་གི་ཞབས་འདེགས་ཞུ་བའི་གནས་ཚུལ་ལ་རྒྱུས་ལོན་མཛད་པའི་ཚུལ་རེད།

འདི་ནི་ཞི་ཅིན་ཕིང་གིས་སྡེ་ཁུལ་གྱི་མང་ཚོགས་དང་བརྩེ་བའི་གསུང་གླེང་མཛད་པའི་ཚུལ་རེད།

ཚེས་བརྒྱད་ཉིན། ཞི་ཅིན་ཕིང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་རྐང་ཚ་རྫོང་དུ་ཕེབས་ནས་རྟོག་ཞིབ་མཛད། ཁོང་ཐོག་མར་མཚོ་སྔོན་པོའི་ཁེ་རམས་ཐང་དུ་ཕེབས་ཏེ། མཚོ་སྔོན་ཞིང་ཆེན་གྱིས་མདོ་ལ་རི་བོའི་ས་ཁུལ་དང་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་བསྣན་པའི་གནས་ཚུལ་མཚམས་སྦྱོར་བྱས་པར་གསན། དེའི་རྗེས་སུ་ཤིང་ལམ་བརྒྱུད་དེ་གཟིགས་ཞིབ་མཛད།

མཚོ་ངོས་ཁོད་ཡངས་ཤིང་མཚོ་ཆུ་དྭངས་ཤིང་གསལ་ལ། བྱ་རིགས་སྣ་ཚོགས་འཕུར་ལྡིང་བྱེད་བཞིན་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་དང་ཁོར་ཡུག་བཅོས་སྐྱོང་ཐད་ནས་བླངས་པའི་ཕན་འབྲས་ནི་ཐོབ་སླ་བ་ཞིག་མིན་པས། ལྡབ་འགྱུར་གྱིས་གཅེས་སྤྲས་དང་རྒྱུན་ཆད་མེད་པར་སྲ་བརྟན་རྒྱ་བསྐྱེད་བྱེད་དགོས། སྐྱེ་ཁམས་ནི་ང་ཚོའི་ཐོན་ཁུངས་དང་རྒྱུ་ནོར་རྩ་ཆེན་ཡིན། རྒྱལ་ཁབ་ཀྱི་སྐྱེ་ཁམས་འཐབ་ཇུས་དོན་འཁྱོལ་བཟང་བོ་བྱེད་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་སོགས་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་ལུགས་ཚོད་ལྟ་བྱེད་པའི་ཉམས་མྱོང་སྤྱི་བསྡོམས་བྱེད་པ། རྒྱལ་ཁབ་སྤྱི་གླིང་གཙོ་གཞིར་བྱེད་པ་དང་རང་བྱུང་སྲུང་སྐྱོབ་ཁུལ་རྨང་གཞིར་བྱེད་པ། རིགས་སྣ་ཚོགས་ཀྱི་རང་བྱུང་སྤྱི་གླིང་ཁ་གསབ་ཏུ་བྱེད་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་མྱུར་དུ་བཙུགས་ཏེ། རང་བྱུང་སྐྱེ་ཁམས་སྲུང་སྐྱོབ་བཟང་བོ་བྱེད་པ་དང་རང་བྱུང་ཐོན་ཁུངས་སྐྱེད་སྲིང་བཟང་བོ་བྱེད་པ། སྐྱེ་དངོས་སྣ་མང་ཅན་ལ་སྲུང་སྐྱོབ་བཟང་བོ་བཅས་བྱེད་དགོས་ཞེས་གསུངས།

འདི་ནི་ཚེས་བརྒྱད་ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་རྐང་ཚ་རྫོང་མཚོ་སྔོན་པོའི་ཁེ་རམས་ཐང་དུ་མདོ་ལ་རི་བོའི་ས་ཁུལ་དང་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་བསྣན་པའི་གནས་ཚུལ་ལ་རྒྱུས་ལོན་མཛད་པའི་ཚུལ་རེད།

འདི་ནི་ཞི་ཅིན་ཕིང་གིས་མཚོ་སྔོན་པོའི་ཁེ་རམས་ཐང་དུ་རྟོག་ཞིབ་མཛད་པའི་ཚུལ་རེད།

འདི་ནི་ཞི་ཅིན་ཕིང་གིས་མཚོ་སྔོན་པོའི་ཁེ་རམས་ཐང་དུ་རྟོག་ཞིབ་མཛད་པའི་ཚུལ་རེད།

འོམ་ཆུ་གྲོང་རྡལ་གྱི་དཀོན་ལོ་གོང་མ་སྡེ་བ་ནི་འབྲོག་པ་མང་ཚོགས་གཅིག་བསྡུས་ཀྱིས་བཀོད་སྒྲིག་བྱེད་སའི་སྡེ་གསར་ཅིག་ཡིན་པ་དང་། ཉིས་སྟོང་བཅུ་བདུན་ལོར་ནོར་ལུག་གསོ་སྤེལ་སོགས་ཐོན་ལས་ལ་བརྟེན་ནས་སྡེ་བ་ཧྲིལ་བོ་དབུལ་ཕོངས་ལས་ཐར། ཞི་ཅིན་ཕིང་གནས་དེར་ཕེབས་པར། བོད་རིགས་འབྲོག་པ་བསོད་ནམས་ཚེ་རིང་གིས་རང་ཁྱིམ་གྱི་བཟའ་མི་རྒན་གཞོན་ཚང་མ་ཁྲིད་དེ་སྤྱི་ཁྱབ་ཧྲུའུ་ཅི་རང་ཁྱིམ་དུ་ཕེབས་པར་བརྩེ་བ་ཆེན་པོས་གདན་འདྲེན་ཞུས་པར་མ་ཟད་ཁ་བཏགས་ཕུལ། ཞི་ཅིན་ཕིང་ཁོ་ཚང་དུ་ཕེབས་ནས་ཁྱིམ་ཕྱི་ནང་ཀུན་ལ་ཞིབ་ཏུ་གཟིགས་པ་དང་། ཁོ་བཟའ་མི་གང་བོ་དང་མཉམ་དུ་འགྲུལ་ཁང་ནས་བཞུགས་ཏེ་གླེང་མོལ་མཛད། བསོད་ནམས་ཚེ་རིང་གིས་སེམས་འགུལ་ཐེབས་པའི་ངང་བཤད་རྒྱུར། འབྲོག་དམངས་ཀྱི་འཚོ་བ་བཟང་བོ་ནི་ཏང་གི་སྲིད་ཇུས་བཟང་བོར་བརྟེན་པ་ཡིན། གུང་ཁྲན་ཏང་དང་སྤྱི་ཁྱབ་ཧྲུའུ་ཅི་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་ཡིན་ཟེར། ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་ལོ་ཡིན་པ་དང་། ང་ཚོའི་ཏང་འཕེལ་རྒྱས་སྟོབས་ལྡན་དུ་གྱུར་བ་ལས་སླ་མོ་ཞིག་མིན་པ་དང་། སྲིད་དབང་བཟུང་བ་ཡང་ལས་སླ་མོ་ཞིག་མིན་ལ། ཀྲུང་གོ་གསར་བ་འཛུགས་སྐྲུན་བྱས་པ་ལས་སླ་མོ་ཞིག་མ་ཡིན། མི་དམངས་མང་ཚོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་ལ་སེམས་གཏིང་ནས་གོང་བཀུར་བྱེད་པའི་རྒྱུ་མཚན་ནི། ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུས་པ་དང་རིགས་སོ་སོའི་མི་དམངས་ཀྱི་ཆེད་དུ་བདེ་སྐྱིད་བརྩོན་ལེན་བྱས་པས་ཡིན་ཞེས་གསུངས།

འདི་ནི་ཚེས་བརྒྱད་ཉིན་གྱི་ཕྱི་དྲོར། རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་གྱི་དཀོན་ལོ་གོང་མ་སྡེ་བ་རུ་རྟོག་ཞིབ་མཛད་སྐབས། བོད་རིགས་འབྲོག་པ་བསོད་ནམས་ཚེ་རིང་གིས་ཞི་ཅིན་ཕིང་ལ་ཁ་བཏགས་འབུལ་བའི་ཚུལ་རེད།

འདི་ནི་ཞི་ཅིན་ཕིང་གིས་བོད་རིགས་འབྲོག་པ་བསོད་ནམས་ཚེ་རིང་གི་ཁྱིམ་མི་དང་བརྩེ་བའི་གསུང་གླེང་མཛད་པའི་ཚུལ་རེད།

སྤྱི་ཁྱབ་ཧྲུའུ་ཅི་བསོད་ནམས་ཚེ་རིང་ཚང་གི་སྒོར་བུད་པ་ན། སྡེ་དམངས་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པ་མཐོང་ནས་དགའ་སྤྲོ་ཆེན་པོས་ལམ་འགྲམ་དུ་ཡོང་སྟེ་དགའ་འབོད་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ལ་འཚམས་འདྲི་ཞུས། ཞི་ཅིན་ཕིང་གིས་བརྩེ་བ་ཆེན་པོས་གསུངས་རྒྱུར། མང་ཚོགས་ཚོས་བདེ་སྐྱིད་ཀྱི་འཚོ་བ་རོལ་འདུག་པ་མཐོང་རྗེས་ང་དགའ་སྤྲོ་ཆེན་པོ་སྐྱེས་སོང་། ང་ཚོས་མུ་མཐུད་དུ་འབད་འཐབ་བྱས་ན། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་སྐབས་སུ་ཀྲུང་ཧྭ་མི་རིགས་བློ་བརྟན་འགྱུར་མེད་སྒོས་འཛམ་གླིང་མི་རིགས་ཀྱི་ཡང་རྩེ་རུ་ཀྲོང་ངེར་འགྱིང་ཐུབ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་སྐབས། མི་རིགས་གཅིག་ཀྱང་ཆད་མི་ཆོག ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་གཞི་ཆེན་པོའི་ནང་ཚང་མ་སེ་འབྲུ་དང་འདྲ་བར་དམ་དུ་འབྲེལ་ཏེ་ཕན་ཚུན་སྤུན་ལྟར་བརྩེ་བ་དང་ཕན་ཚུན་རོགས་རེས་བྱས་ན། ད་གཟོད་མི་རིགས་བསྐྱར་དར་གྱི་རླབས་ཆེན་ཕུགས་འདུན་མངོན་འགྱུར་བྱེད་ཐུབ་པ་དང་། ད་གཟོད་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་ཐུབ་ཅེས་གསུངས། ཞི་ཅིན་ཕིང་གིས་ཚང་མར་བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་ཞུས།

འདི་ནི་ཞི་ཅིན་ཕིང་གིས་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་གྱི་དཀོན་ལོ་གོང་མ་སྡེ་བ་རུ་རྟོག་ཞིབ་མཛད་སྐབས། སྡེ་མི་རྣམས་དང་བརྩེ་བའི་གསུང་གླེང་མཛད་པའི་ཚུལ་རེད།

ཚེས་དགུ་ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་ཡར་ཞུ་ལ་ཉན་པ་དང་། མཚོ་སྔོན་གྱིས་བྱ་བ་སྣ་ཚོགས་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད་པར་མ་ཟད། མཚོ་སྔོན་གྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་གསར་སྤེལ་གསར་གཏོད་དང་ཁག་ཁུར་དངོས་སྒྲུབ་བྱས་ཏེ། གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ནས་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་དགོས་པའི་ཐུགས་རེ་བཏོན།

ཞི་ཅིན་ཕིང་གིས་བསྟན་དོན། འཕེལ་རྒྱས་ཀྱི་དུས་རིམ་གསར་བར་ཞུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་བ་སྐྲུན་པ་བཅས་ཀྱི་སྐབས་སུ། མཚོ་སྔོན་གྱི་སྐྱེ་ཁམས་བདེ་འཇགས་ཀྱི་གོ་གནས་དང་རྒྱལ་ཁོངས་བདེ་འཇགས་ཀྱི་གོ་གནས། ཐོན་ཁུངས་ནུས་ཁུངས་བདེ་འཇགས་ཀྱི་གོ་གནས་བཅས་སྔར་ལས་གལ་ཆེ་བར་ཡོད་པས། རྒྱལ་ཁོངས་བར་སྟོང་གསར་གཏོད་སྲུང་སྐྱོབ་ཀྱི་རྣམ་པ་ལེགས་སྒྱུར་བྱེད་པ་དང་། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་རྒྱུན་འཁྱོངས་ཀྱིས་དོན་དངོས་དང་སྦྲེལ་བ་དང་དགེ་སྤེལ་སྐྱོན་སྤང་བྱས་ནས། ས་གནས་ཀྱི་ཁྱད་ཆོས་ཡོད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་བགྲོད་ལམ་ཞིག་ཏུ་བསྐྱོད་དགོས། མཐོ་སྒང་དུ་དམིགས་སུ་ཡོད་པའི་ཐོན་ཁུངས་ཀྱི་ཁྱད་ཆོས་ལ་དམིགས་ཏེ། ཧུར་ཐག་སྒོས་གསར་དར་ཐོན་ལས་གསོ་སྐྱོང་བྱེད་པ་དང་། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་མྱུར་དུ་འཛུགས་སྐྲུན་བྱས་ཏེ། རྒྱལ་ཁབ་ཀྱི་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་དང་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་གྱི་དམིགས་ས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་བཅས་བསྐྲུན་དགོས། ཚན་རྩལ་སྒྲིག་སྲོལ་རྐྱེན་སྲོལ་མྱུར་དུ་བཅོས་སྒྱུར་བྱེད་པ་དང་། ཚན་རྩལ་གསར་སྐྲུན་རྒྱབ་སྐྱོར་དང་གྲུབ་འབྲས་ལེགས་སྒྱུར་བྱེད་ཤུགས་ཇེ་ཆེར་གཏོང་བ། གསར་སྐྲུན་རང་བཞིན་གྱི་འཇོན་མི་མྱུར་དུ་སྐྱེད་སྲིང་བྱས་ནས། གསར་གཏོད་ཀྱི་གསོན་ཤུགས་བསྐྱེད་དགོས། ཏང་ཀྲུང་དབྱང་གི་དུས་རབས་གསར་བར་ནུབ་རྒྱུད་གསར་སྤེལ་ཆེན་པོར་སྐུལ་འདེད་བཏང་ནས་རྣམ་པ་གསར་བ་བསྐྲུན་པ་དང་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་དང་དོན་འཁྱོལ་བྱས་ཏེ། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་འཕེལ་རྒྱས་དང་རྨ་ཆུའི་བཞུར་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་ཁུལ་ཁོངས་ཀྱི་འཐབ་ཇུས་གལ་ཆེན་དང་རང་འགུལ་གྱིས་སྦྲེལ་མཐུད་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་ཇེ་ཆེར་གཏོང་དགོས། རིམ་པ་སོ་སོའི་ཏང་ཨུ་དང་ལྷག་པར་དུ་འགན་འཁུར་བློ་མཐུན་གཙོ་བོས་ཆབ་སྲིད་འགན་འཁྲི་ཁུར་དུ་བླངས་ནས། ནོར་སྲིད་དང་ཁྲལ་བསྡུ། རྩིས་བཤེར་སོགས་ཀྱི་བྱ་བ་དམ་འཛིན་བྱེད་པར་གཅིག་གྱུར་སྒོས་འཆར་འགོད་དང་། ནོར་སྲིད་དཔལ་འབྱོར་སྒྲིག་ལམ་ཇེ་དམ་དུ་བཏང་ནས། ཕྱོགས་སོ་སོའི་མ་དངུལ་དོ་དམ་དང་བཀོལ་སྤྱོད་བཟང་བོ་བྱས་ཏེ། དངུལ་རྩའི་ཉེན་ཁར་དོགས་ཟོན་ནན་མོ་བྱེད་དགོས་ལ། ཏང་ཀྲུང་དབྱང་གི་ནོར་སྲིད་དཔལ་འབྱོར་བྱ་བའི་བྱེད་ཕྱོགས་སྲིད་ཇུས་དང་བྱ་བའི་བཀོད་སྒྲིག་ལག་བསྟར་ནན་མོ་བྱས་ནས། གྲོན་ཆུང་སྒོས་འཚོ་བ་རོལ་བའི་བླང་བྱ་དོན་འཁྱོལ་བྱེད་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བཟང་བོ་བྱེད་པ་ནི་རྒྱལ་ཁབ་ཀྱི་དོན་དག་གལ་ཆེན་ཞིག་ཡིན་པས། ཆུ་དྭངས་རི་ལྗང་ནི་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ། སའི་གོ་ལའི་སྣེ་གསུམ་པའི་སྐྱེ་ཁམས་སྲུང་སྐྱོབ་བཟང་བོ་བྱེད་དགོས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ་བྱེད་རྒྱུ་དེ་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་ཐད་ཀྱི་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ནས། སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ། ཀྲུང་ཧྭའི་ཆུ་གཏེར་སྲུང་སྐྱོབ་བཅས་ཀྱི་འགན་འཁྲི་ཕྲག་ཏུ་ལེན་དགོས། རྒྱལ་ཁབ་སྤྱི་གླིང་མུ་མཐུད་དུ་འཛུགས་སྐྲུན་བྱེད་པ་དང་། དོ་དམ་སྒྲིག་སྲོལ་ཇེ་ལེགས་སུ་གཏོང་བ། འཁོར་སྐྱོད་རྐྱེན་སྲོལ་གསར་གཏོད་བྱེད་པ། ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ། སྲིད་ཇུས་ཀྱི་རྒྱབ་སྐྱོར་ཇེ་ཆེར་བཏང་སྟེ། ཡང་བསྐྱར་བཀོལ་སྤྱོད་བྱེད་ཆོག་པ་དང་ཁྱབ་གདལ་དུ་བཏང་ཆོག་པའི་ཉམས་མྱོང་སྔར་ལས་མང་པོ་འཚོལ་ཞིབ་བྱེད་དགོས། གངས་རི་དང་འཁྱག་ཀླུང་། ཆུ་བོའི་བཞུར་རྒྱུད་དང་མཚེའུ། བརླན་ས། རྩྭ་ཐང་དང་སྤང་ལྗོངས། བྱེ་ས་བྱེ་ཐང་སོགས་ཀྱི་སྐྱེ་ཁམས་བཅོས་སྐྱོང་ཉམས་གསོར་ཤུགས་བསྣན་ནས། སྟོབས་ཤུགས་ཡོད་རྒུས་མདོ་དབུས་མཐོ་སྒང་གི་སྐྱེ་དངོས་སྣ་མང་ཅན་སྲུང་སྐྱོབ་བྱེད་པར་སྐུལ་འདེད་གཏོང་དགོས། རྨ་ཆུའི་བཞུར་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ས་ཆུ་ཤོར་བར་ཕྱོགས་བསྡུས་དག་ཐེར་བཅོས་སྐྱོང་བྱེད་པ། ཆུ་བསྐྱིལ་གསོག་གི་ནུས་པ་གཏན་འཇགས་སྒོས་མཐོར་འདེགས་བཏང་སྟེ། ཆུའི་ཐོན་ཁུངས་གྲོན་ཆུང་ལེགས་བསྡུས་དང་ཕན་ནུས་མཐོ་བའི་སྒོ་ནས་བཀོལ་སྤྱོད་བྱེད་པར་སྐུལ་འདེད་གཏོང་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་བསྟན་དོན། མི་དམངས་ལ་བརྩེ་བ་ཟབ་མོ་བཅངས་པ་དང་། མི་དམངས་ལ་དམ་དུ་བརྟེན་པ། མི་དམངས་ལ་བདེ་སྐྱིད་བསྐྲུན་ནས། ཐུན་མོང་གི་འབྱོར་ཕྱུག་ལ་ཏན་ཏིག་གིས་སྐུལ་འདེད་གཏོང་དགོས། ཕན་ཡོད་བྱེད་ཐབས་ལ་བརྟེན་ནས་མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་དགོངས་པ་ལག་བསྟར་བྱེད་པ་དང་། ལས་ཞུགས་དང་ཡོང་སྒོ་བགོ་བཤའ། སློབ་གསོ། སྤྱི་ཚོགས་འགན་སྲུང་། སྨན་བཅོས། སྡོད་ཁང་། རྒན་གསོ། བུ་བཅོལ། ཟས་རིགས་བདེ་འཇགས། སྤྱི་ཚོགས་བདེ་འཇགས་སོགས་ཀྱི་གནད་དོན་ལ་གཅིག་གྱུར་འཆར་འགོད་བྱས་ཏེ་ཐག་གཅོད་བཟང་བོ་བྱེད་པ་དང་། སྐྱེ་ཁམས་དང་དམངས་ཚིས་ཀྱི་འབྲེལ་བ་འོས་འཚམ་གྱིས་ཐག་བཅད་དེ། སྐྱེ་ཁམས་སྲུང་སྐྱོབ་དང་དམངས་ཚིས་འགན་སྲུང་གཉིས་ཕན་ཚུན་མཐུན་སྦྱོར་ཡོང་བ་མངོན་འགྱུར་བྱེད་དགོས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་གཉིས་ཕན་ཡོད་སྒོས་སྦྲེལ་མཐུད་བྱེད་པར་སྐུལ་འདེད་བཏང་ནས། ཞིང་ཕྱུགས་ཐོན་རྫས་ཚད་གཞི་ཅན་དང་ལྗང་མདོག་ཅན་ཐོན་སྐྱེད་ལ་ཤུགས་སྣོན་པ་དང་། སྐྱེ་ལྡན་ཁྱད་ལྡན་ཐོན་ལས་སྟོབས་ལྡན་ཅན་དུ་བསྒྱུར་བ། གྲོང་གསེབ་འཛུགས་སྐྲུན་འགུལ་སྐྱོད་ལག་བསྟར་བྱེད་པ། ཞིང་སྡེའི་མི་སྡོད་ཁོར་ཡུག་ལེགས་སྒྱུར་བྱེད་པ། རོང་འབྲོག་མང་ཚོགས་ཀྱི་བྱང་ཚད་མཐོར་འདེགས་གཏོང་བ། རོང་འབྲོག་ཁུལ་གྱི་རིག་གནས་དར་རྒྱས་སུ་གཏོང་དགོས་ཞེས་གསུངས། ཞི་ཅིན་ཕིང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བརྒྱུད་དེ་རྨ་སྟོད་ས་འགུལ་གནོད་ཐེབས་ས་ཁུལ་གྱི་མང་ཚོགས་ལ་འཚམས་འདྲི་མཛད་པ་དང་། གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་སླར་གསོ་དམ་འཛིན་བྱེད་པ། མང་ཚོགས་ཀྱི་དཀའ་ཁག་སེལ་བ། མང་ཚོགས་ཀྱི་སེམས་བདེ་བར་བྱེད་པ། མང་ཚོགས་ལ་དྲོད་ཁོལ་སྦྱིན་ནས། མཉམ་དུ་བདེ་ཞིང་སྐྱིད་པའི་འཚོ་བ་གསར་སྐྲུན་བྱེད་དགོས་པའི་ཐུགས་རེ་བཏོན།

ཞི་ཅིན་ཕིང་གིས་བསྟན་དོན། མཚོ་སྔོན་ནི་ཞིན་ཅང་དང་བོད་ལྗོངས་གཏན་འཇགས་སུ་གཏོང་བའི་འཐབ་ཇུས་ཀྱི་གནད་ས་ཡིན་པས། དུས་རབས་གསར་བའི་ཏང་གི་བོད་སྐྱོང་ཐབས་ཇུས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ་གཙོ་གཞིའི་འགན་འཁྲི་ཕྲག་ཏུ་ལེན་དགོས། ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་དགོས། ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་མཐུན་པར་ཧུར་ཐག་གིས་ཁྲིད་སྟོན་བྱེད་དགོས། རྒྱལ་ཁབ་སྤྱིའི་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱེད་པ་དང་ཚད་མཐའ་འཛིན་སེམས་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་དགོས། རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྡོམ་ལྷོད་གཡེང་མེད་པར་དམ་འཛིན་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་དོན་རྐྱེན་ཆེན་པོ་དང་དོན་རྐྱེན་ཚབས་ཆེན་འབྱུང་བར་བཀག་འགོག་ནུས་ལྡན་བྱེད་དགོས། ནག་འཇོམས་ངན་སེལ་རྒྱུན་རྣམ་ཅན་ལ་སྐུལ་འདེད་གཏོང་བ་དང་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་གཏིང་ཟབ་ཏུ་སྤེལ་ནས། སྤྱི་ཚོགས་ཁྱོན་ཡོངས་ཀྱི་འཆམ་མཐུན་གཏན་འཇགས་སྲུང་འཛིན་བྱེད་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་བསྟན་དོན། ང་ཚོའི་ཏང་གིས་ལོ་བརྒྱའི་འབད་འཐབ་ཁྲོད་དུ། སོ་སོའི་ཁྱད་ཆོས་ལྡན་པའི་གསར་བརྗེའི་སྙིང་སྟོབས་རབ་དང་རིམ་པ་སྐྱེད་སྲིང་དང་གྲུབ་པར་བྱས་ཡོད་ལ། དེས་ཏང་གི་དད་སེམས་བརྟན་པོ་དང་རྩ་བའི་དམིགས་ཡུལ། སྤྱོད་ཚུལ་བཟང་བོ་བཅས་གཅིག་བསྡུས་སྒོས་མངོན་པར་བྱས་ཡོད་པས། དེ་ནི་ང་ཚོས་འབད་འཐབ་ལྷོད་མེད་བྱེད་པར་སྐུལ་མ་གཏོང་བའི་བསམ་པའི་རྒྱུ་ནོར་རྩ་ཆེན་ཡིན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཁྲོད་དུ་ལོ་རྒྱུས་བསླབས་ནས་སྤྱོད་བཟང་བསྟེན་དགོས་ན། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་དམར་པོའི་རྒྱུད་རྒྱུ་རྒྱུན་འཛིན་བྱེད་པར་ཁྲིད་སྟོན་བྱས་ཏེ། བླ་མེད་ཀུན་སྤྱོད་ཀྱི་གཤིས་རྒྱུད་བཟང་བོ་སྐྱེད་སྲིང་བྱེད་དགོས་ཏེ། གཅིག་ནས་ཏང་ལ་བློ་སེམས་དཀར་བའི་སྤྱོད་ཚུལ་བཟང་བོར་བསྟེན་དགོས་ཏེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་རྣམས་ཀྱིས་ཏང་ནང་དུ་ཞུགས་སྐབས་ཀྱི་ནམ་ཡང་ཏང་ལ་བློ་དཀར་བ་དང་ནམ་ཡང་ཏང་ལ་རྒྱབ་འགལ་མི་བྱེད་པའི་དམ་བཅའ་ཡིད་ལ་བརྟན་པོར་བཅངས་ཏེ་ཐོག་མཐའ་བར་གསུམ་དུ་ཏང་ལ་བློ་དཀར་བ་དང་ཏང་གི་ལས་དོན་ལ་བློ་དཀར་དགོས་པར་མ་ཟད། བློ་བརྟན་འགྱུར་མེད་སྒོས་ཏང་གི་རྗེས་སུ་འབྲངས་ནས་ཏང་གི་ཆེད་དུ་རང་སྲོག་ཤོར་ཡང་འགྱོད་པ་མེད་པར་བྱ་དགོས། གཉིས་ནས་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་སྤྱི་བའི་སྤྱོད་བཟང་ལ་བསྟེན་དགོས་ཏེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་རྣམས་ཀྱིས་མི་དམངས་བསམ་པའི་ལངས་ཕྱོགས་བརྟན་པོ་བཅངས་པ་དང་། ཐོག་མཐའ་བར་གསུམ་དུ་མི་དམངས་དང་སྐྱིད་སྡུག་མཉམ་མྱོང་དང་ཤི་གསོན་མཉམ་གནས་བྱས་ཏེ། ཁག་ཁུར་བྱེད་ཕོད་པ་དང་ཧུར་བརྩོན་ཆེན་པོས་བྱས་རྗེས་བཞག་ནས་ངེས་པ་དོན་གྱིས་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དེ་ཆེས་རྩ་བའི་འགན་འཁྲི་རུ་བརྩི་དགོས། གསུམ་ནས་རང་གཅུན་ནན་མོ་བྱེད་པའི་སྤྱོད་བཟང་ལ་བསྟེན་དགོས་ཏེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་རྣམས་ཀྱིས་གཟབ་ནན་ཞིབ་ཚགས་སྒོས་མི་གཙང་མ་གཙང་རྐྱང་ཞིག་བྱེད་པ་དང་དོན་དག་གཙང་མ་གཙང་རྐྱང་སྒྲུབ་སྟེ། ཚུལ་ལྡན་གྱི་མི་ཞིག་དང་། ཟོལ་མེད་ཀྱི་མི་ཞིག སྤྱོད་བཟང་གི་མི་ཞིག མ་རབས་བྱ་སྤྱོད་དང་བྲལ་བའི་མི་ཞིག མི་དམངས་ལ་ཕན་པའི་མི་ཞིག་བཅས་བྱེད་དགོས། བློ་དཀར་དང་སྤྱོད་གཙང། ཁག་ཁུར་བཅས་ཀྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་པ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ལ་མུ་མཐུད་དུ་ཤུགས་བསྣན་ནས། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་བྱས་ཏེ། ཏང་གི་འབྱུང་གཞི་བདེ་ཐང་ཡོང་བར་ཁག་ཐེག་བྱེད་དགོས་ཞེས་གསུངས།

ཏེན་ཞུའེ་ཞང་དང་ལིའུ་ཧི། ཁྲིན་ཞི། ཧི་ལིས་ཧྥིན་དང་ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གྱིས་མཉམ་དུ་རྟོག་ཞིབ་བྱས།