ཀྲུང་གོ་གློག་འཕྲིན་ཐེན་དབྱིས་རྟགས་མའི་གཏམ་དཔེ་གདན་ཞུའི་འགྲན་སྡུར་སྐབས་གསུམ་པ་སྤེལ་བའི་བརྡ་སྦྱོར།

སྲིད་པའི་གཏམ་གྱི་སྒྱུ་རྩལ་འཇིག་རྟེན་སྐྱེ་བོའི་རྒྱན། ། སྲིད་པའི་གཏམ་གྱི་རིག་གནས་གངས་ཅན་བོད་པའི་རྒྱན། ། ཞེས་གངས་རི་དཀར་པོའི་རང་མདངས་བཞིན་ཏོག་ཏུ་འཚེར་ཞིང་། གངས་ཆུ་སྔོན་མོའི་བཞུར་རྒྱུན་བཞིན་སྐྱེ་འགྲོ་གསོ་བའི་སྲིད་པའི་གཏམ་གྱི་སྒྱུ་རྩལ་རིག་གནས་འདི་ནི། མེས་པོ་རྣམས་ཀྱིས་དགེ་སྡུག་འཁོར་བའི་ཡོ་བསྲང་ལ་བདེན་པ་གཏམ་གྱི་གཞི་རྟེན་དང་། ཁྲོམ་ཚོགས་བློ་གྲོས་བདར་བའི་སྨྲ་ལྕེ་ལ་འཕྲུལ་ངག་གཏམ་གྱི་འཁོར་ལོར་བསྐྲུན་པ་ཡིན་ཞིང་། འདི་ཉིད་ཀྱིས་མཐོ་བའི་གངས་རིར་བརྗིད་པའི་དཔང་བསྩལ་ཡོད་ལ། དམའ་བའི་མཚོ་མོར་ལྟེམས་པའི་གཏེར་བསྩལ་ཡོད་ཅིང་། ནོར་འཛིན་སྒེག་མོར་བཅུད་ཀྱི་བྱིན་བསྩལ་ཡོད་པས་གངས་ཅན་ཁ་བའི་ལྗོངས་སུ་སྲིད་ཞིའི་རྒྱན་དུ་གྱུར་ཡོད།

དམངས་ཁྲོད་ཀྱི་རིག་གནས་བླ་ན་མེད་པའི་འདི་ཉིད། གྲ་མ་ཆག་གྲུ་མི་ཉམས་པར་རྒྱུད་འཛིན་གོང་སྤེལ་གཏོང་ཆེད། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་སྔོན་ཞིང་ཆེན་མི་རིགས་སྐད་གློག་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས་བཅས་ཀྱིས་གཙོ་སྒྲུབ་བྱས་པའི་བོད་ཀྱི་གཏམ་དཔེ་འགྲན་སྡུར་སྐབས་གསུམ་པ་ད་ལོའི་སྤྱི་ཟླ་བདུན་པའི་ཟླ་སྟོད་དུ་མཛེས་སྡུག་དཔལ་དུ་བཞད་པའི་རྩེ་གཞུང་རྩྭ་ཐང་ནས་བསྒྲུབ་རྒྱུ་ཡིན།

ཐེངས་འདིའི་འགྲན་ཞུགས་མི་སྣ་གདན་འདྲེན་གྱི་ཁྱབ་ཁོངས་ལ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བཅས་བསྡོམས་པའི་ཁུལ་དྲུག་འདུ་ཞིང་། ཁུལ་སོ་སོ་ནས་འཐུས་ཚབ་གཏམ་བཤད་འགྲན་སྡུར་མི་སྣ་བཅུ་རེ་བདམས་ཏེ། བསྡོམས་པས་འགྲན་ཞུགས་མི་སྣ་དྲུག་ཅུ་ལྷག་བོད་ཀྱི་གཏམ་དཔེ་འགྲན་སྡུར་སྐབས་གསུམ་པའི་ཐོག་མའི་འགྲན་སྡུར་དང་བསྐྱར་འགྲན། རྟིང་རྩོད་འགྲན་སྡུར་བཅས་ལ་ཞུགས་རྒྱུ་ཡིན་པས། རྒྱ་ཆེའི་གཟིགས་མོ་བ་དང་གསན་མཁན་ཡོངས་ནས་སྔར་མུས་བཞིན་དོ་སྣང་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ།