ཏང་ཡོན་ལས་བྱེད་པས་དྲ་ཐོག་ནས་ཚོང་རྒྱག་ཆོག་གམ།

དྲ་ཐོག་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་སྦྲགས། ཏང་ཡོན་ལས་བྱེད་པ་ཉུང་ཤས་ཤིག་ལ་སྐད་འཕྲིན་གྲོགས་ཚོམས་སུ་ཚོང་ཙག་ཙིག་བརྒྱབ་ནས་ཞོར་ལ་ཡོང་འབབ་གསོག་པའི་བསམ་བློ་འདྲ་མིན་སྣ་ཚོགས་འཁོར་གྱི་ཡོད། ཏང་ཡོན་ལས་བྱེད་པ་ལ་ལས་དྲ་ཐོག་དང་སྐད་འཕྲིན་དུ་ཚོང་རྒྱག་པ་ནི་མ་རྩ་ཉུང་ལ་ཁེ་བཟང་ཆུང་བ་དང་། ད་དུང་ཁྱིམ་ཚང་ལ་འགྲོ་གྲོན་ཁག་གཅིག་གཏོང་རྒྱུ་ཡོད་པས། དེ་ནི་ཚོང་གཉེར་དང་ཁེ་ལས་གཉེར་བར་བརྩི་ཡི་མེད་པས་སྐྱོན་ཆེན་པོ་རང་ཡོང་མི་སྲིད་སྙམ། དོན་དངོས་ཐོག་དེ་འདྲ་རེད་དམ།

དྲ་ཐོག་ཚོང་ཁང་ནི་དྲ་ཐོག་ཉོ་ཚོང་ལས་སྟེགས་ནས་ཚོང་རྒྱག་པའི་དྲ་ཐོག་གི་ཚོང་དོན་བྱེད་སྟངས་ཤིག་ཡིན་པ་དང་། འཕྲིན་ཚོང་ནི་སྐད་འཕྲིན་ལ་བརྟེན་ནས་དར་བའི་ཚོང་ལས་ཀྱི་བྱ་སྤྱོད་ཅིག་ཡིན་ཞིང་། དེ་གཉིས་དངོས་ཚན་ཀུང་སི་དང་མི་འདྲ་རུང་ཚང་མ་ཁེ་ཕན་དོན་དུ་གཉེར་བ་ཞིག་ཡིན་པས། ཚོང་གཉེར་དང་ཁེ་གཉེར་གྱི་ངོ་བོ་གཅིག་མཚུངས་རེད། གཞུང་ལས་པ་ཞིག་ཡིན་པའི་ཏང་ཡོན་ལས་བྱེད་པ་མི་ཉུང་བར་དབང་ཆ་ཡོད་པས། གལ་ཏེ་ཚོང་གཉེར་གྱི་ལམ་དུ་ཞུགས་ན་རང་གི་དབང་ཆ་སྤྱད་ནས་ལུགས་དང་མི་མཐུན་པའི་ཡོང་འབབ་རག་ཐབས་བྱེད་སྲིད། འཚོ་བའི་ནང་། ཏང་ཡོན་ལས་བྱེད་པས་དྲ་ཐོག་ཚོང་ཁང་བཙུགས་པ་དང་སྐད་འཕྲིན་ནས་ཚོང་བརྒྱབ་སྟེ་ཏང་གི་སྒྲིག་ཁྲིམས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལས་འགལ་བ་མ་ཟད་། ཐ་ན་ཉེས་ཁྲིམས་བསགས་པའི་གྱོད་དཔེ་མང་པོ་མཐོང་རྒྱུ་ཡོད།

《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》གི་དོན་ཚན་གོ་བཞི་པའི་ནང་། འབྲེལ་ཡོད་གཏན་འབེབས་ལས་འགལ་ནས་ཁེ་ཕན་དོན་དུ་གཉེར་ཚེ། གནས་ཚུལ་ཚབས་ཆུང་རིགས་ལ་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་སྒྲིག་ནན་པོ་སྒྲོག་རྒྱུ་དང་། ཚབས་ཅུང་ཆེ་རིགས་ལ་ཏང་ནང་གི་གོ་གནས་གནས་དབྱུང་གཏོང་བའམ་ཡང་ན་ཏང་ནང་ལྟ་ཞིབ་བྱ་རྒྱུ། ཚབས་ལྕི་རིགས་ལ་ཏང་གི་སྐྱིད་སྡུག་ནས་འབུད་རྒྱུ་བཅས་ཀྱི་གཏན་འབེབས་ཁ་གསལ་བྱས་ཡོད། ཚོང་གཉེར་བྱས་ནས་ཁེ་ལས་གཉེར་བ་ནི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་ནང་གཏན་འགོག་ཁ་གསལ་བྱས་པའི་བྱེད་སྤྱོད་ཅིག་རེད། གཞན་ཡང་།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལས་པའི་བཅའ་ཁྲིམས》དང《བྱ་གཞག་ཚན་པའི་ལས་དོན་པའི་ཆད་གཅོད་ཀྱི་གནས་སྐབས་ལག་བསྟར་གཏན་འབེབས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་དུའང་གཞུང་ལས་པ་དང་བྱ་གཞག་ཚན་པའི་ལས་དོན་མི་སྣས་སྒྲིག་འགལ་ངང་ཁེ་གཉེར་རང་བཞིན་གྱི་བྱེད་སྒོར་ཞུགས་རིགས་ལ་གཏན་འབེབས་ཁ་གསལ་བཟོས་ཡོད། ཉེ་བའི་ལོ་ཤས་རིང་། ས་ཆ་འགའ་ཞིག་གིས་ཏང་ཡོན་དང་ལས་བྱེད་པས་དྲ་ཐོག་ཚོང་ཁང་བཙུགས་པ་དང་སྐད་འཕྲིན་ནས་ཚོང་བརྒྱབ་རིགས་ལ་ཚད་གཞི་ནན་པོ་བཟོས་པ་དཔེར་ན། ཀྲེ་ཅང་ཞིང་ཆེན་གྱི་ཏང་ཡོན་ལས་བྱེད་པ་ཁག་གཅིག་གིས་དྲ་ཐོག་ཏུ་ཚོང་ཁང་འཛུགས་པ་དང་སྐད་འཕྲིན་ནས་ཚོང་རྒྱག་པ་དེ་སྒྲིག་འགལ་ངང་ཚོང་གཉེར་བྱས་པའི་བྱེད་སྤྱོད་ཁོངས་སུ་བཅུག་སྟེ་བཅོས་སྒྲིག་བྱས་པ་ལྟ་བུའོ།