རང་ཞིང་ནས་ཧུར་ཐག་སྒོས་སྤྱི་བདེ་པུའུ་ཡི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་བྱ་ཐབས་གསར་པ12ཁྱབ་གདལ་དུ་གཏོང་བ།

ཟླ6ཚེས1ནས་བཟུང་། མཚོ་སྔོན་ཞིང་ཆེན་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་སྤྱི་བདེ་པུས“གཤམ་སྤྲོད་དང་།དོ་དམ།ཞབས་ཞུ”བཅས་ཀྱི་སྒྱུར་བཅོས་གཏིང་ཟབ་སྤེལ་ནས“ཁོ་བོས་འབངས་ལ་དངོས་དོན་བསྒྲུབ་པར་བྱ”ཞེས་པའི་སྟབས་བདེའི་བྱ་ཐབས་ཁག12ལ་སྐུལ་འདེད་ཧུར་ཐག་བཏང་བ་རེད།
       སྟབས་བདེའི་བྱ་ཐབས་ཁག12ཁྱབ་གདལ་དུ་བཏང་རྗེས། ཐིན་ཅིན་དང་ཁྲེང་ཏུའུ། སུའུ་ཀྲོའུ་བཅས་གྲོང་ཁྱེར་གསུམ་དུ་ཐོག་མར་ཚོད་ལྟའི་ཚུལ་དུ་ཁ་ལོ་བར་གློག་རྡུལ་ལག་འཁྱེར་བཀྲམས་ཤིང་། གློག་རྡུལ་ལག་འཁྱེར་གྱི་རྣམ་པ་རྒྱལ་ཡོངས་གཅིག་གྱུར་ཡིན་པ་དང་། བཅའ་ཁྲིམས་ཀྱི་ནུས་པ་ཤོག་རིགས་ཀྱི་ཁ་ལོ་བའི་ལག་འཁྱེར་དང་གཅིག་མཚུངས་ཡིན། རང་འགུལ་རླངས་འཁོར་ཆུང་བའི་རྒྱུགས་ཚན་གཉིས་པ་ལས“ལ་ཐུར་གྱི་རླངས་འཁོར་འདུག་ས་དང་འགྲོ་འགོ་རྩོམ་པའི”དོན་ཚན་དེ་མེད་པར་བཟོས་པ་དང་། རྒྱུགས་ཚན་སོ་སོའི་བར་མཚམས་ཀྱི་དུས་ཚོད་ཇེ་ཐུང་དུ་བཏང་ནས་རྒྱུགས་ལེན་ཡུལ་བསྒྱུར་ཐེངས་ཇེ་མང་དུ་བཏང་། གྲོང་ཁྱེར་གྱི་ལྟེ་བའི་ཁུལ་སོགས་དམིགས་བསལ་ས་ཁོངས་ཀྱི་སྲང་ལམ་འགའ་མ་གཏོགས། སྲང་ལམ་གཞན་དག་གིས་ཟོག་འདྲེན་རླངས་འཁོར(ཉེན་ཆེ་ཟོག་འདྲེན་རླངས་འཁོར་དང་། ཨར་སྐྲུན་སྐྱེལ་འདྲེན་རླངས་འཁོར་ཕུད་པ)འགྲོ་སྐྱོད་ལ་དུས་ཚོད་ཀྱི་བར་སྟོང་བཞག་སྟེ། ཟོག་འདྲེན་རླངས་འཁོར་ཉིན་རེར་འགྲོ་སྐྱོད་ཆུ་ཚོད6ལས་ཉུང་མི་རུང་བའི་བསྒྱུར་ནས་འགྲོ་འོང་སྟབས་བདེར་བཟོས་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་གཞིས་ཁུལ་རྙིང་བའི་ཉེ་འཁོར་གྱི་ཆ་རྐྱེན་ཚང་བའི་སྲང་ལམ་དུ་མཚན་མོ་དང་གཟའ་ཉི་མ། ཁྲིམས་བཀོད་གུང་གསེང་སྐབས་བཅས་སུ་རླངས་འཁོར་འཇོག་ཆོག་པ་རུ་གནས་སྐབས་སུ་འཇོག་ཆོག་པར་བཟོས་ནས་རླངས་འཁོར་འཇོག་ས་མེད་པའི་གནད་དོན་ཐག་གཅོད་བྱས། ལོ་རྒན་དྲུག་ཅུ་ཡན་གྱི་བགྲེས་སོང་གིས་ཉེ་གྲོགས་ཀྱི་རམ་འདེགས་འོག“འགྲེམ་འགྲུལ་དོ་དམ12123”APPཐོ་འགོད་བྱས་ཏེ། དྲ་ཐོག་གློག་སྒུལ་རླངས་འཁོར་གྱི་ཨང་བྱང་དང་། ཁ་ལོ་བའི་ལག་འཁྱེར་ལེན་ཐུབ་པ་དང་། དེ་དང་ཆབས་ཅིག་འགྲིམ་འགྲུལ་དོ་དམ་ཞབས་ཞུའི་སྟེགས་བུར་བགྲེས་སོང་ལ་དམིགས་སུ་འགྲོ་ལུགས་སྒྲུབ་ལམ་ཕྱེ་ནས་ཁོ་ཚོར་སྟབས་བདེ་གང་ལེགས་བསྐྲུན། དམག་སྡེ་དང་དྲག་ཆས་དཔུང་སྡེའི་རླངས་འཁོར་ཁ་ལོ་བའི་ལག་འཁྱེར་ས་གནས་ཀྱི་ཁ་ལོ་བའི་ལག་འཁྱེར་དུ་བརྗེ་དགོས་དུས་ཆ་འཕྲིན་རང་འགུལ་གྱིས་ཞིབ་བཤེར་གཤིབ་སྡུར་ཐུབ་པར་བཟོས་ནས་མི་དགོས་པའི་དཀའ་ལས་མེད་པ་བྱས། རྒྱལ་ཕྱིར་འགྲིམས་མཁན་གྱིས་རྒྱལ་ནང་གི་མི་མངག་གཏོང་སྒོས་རླངས་འཁོར་ཁ་ལོ་བའི་ལག་འཁྱེར་སྙན་ཞུའི་དུས་ཡན་ཇེ་རིང་དུ་གཏོང་བའི་འགྲོ་ལུགས་སྟབས་བདེར་བཟོས་པར་མ་ཟད། 2021ལོའི་ལོ་མཇུག་གི་སྔོན་ལ་ཁ་ལོ་བའི་ལག་འཁྱེར་མ་བརྗེ་བ་དང་ཞིབ་བཤེར་མ་བྱས་པ་ཡིན་ན་ཐོ་ཁོངས་ནས་བསུབ་རྒྱུ་དང་། ཞིབ་བཤེར་བྱས་ཟིན་པ་དག་གིས་ཕྱིར་རྒྱལ་ནང་དུ་ལོག་རྗེས་ཀྱི་ཟླ6ནང་ཁ་ལོ་བའི་ལག་འཁྱེར་བརྗེ་ལེན་དང་ཞིབ་བཤེར་འགྲོ་ལུགས་རྒྱུན་ལྡན་བཞིན་སྒྲུབ་ཆོག་ལ། ལག་འཁྱེར་གྱི་ནུས་པ་སྔར་བཞིན་གོ་ཆོད་པ་ཡིན། རླངས་འཁོར་གཏའ་མ་འཇོག་པར་ཐོ་འགོད་བྱེད་དུས་ཐམ་ག་བརྒྱབ་པའི་ཚོང་གཉེར་ལག་འཁྱེར་གྱི་བསྐྱར་དཔར་ཡོད་པ་ཙམ་གྱིས་ཆོག ཚོང་གཉེར་ལག་འཁྱེར་གྱི་མ་ཡིག་དང་གན་རྒྱ་དག་སྤྲོད་མི་དགོས། འགྲིམ་འགྲུལ་ཉེན་ཁ་ཆེ་ཤོས་འགོག་པའི་འགན་ལེན་གྱི་ཆ་འཕྲིན་དྲ་ཐོག་ནས་ཞིབ་བཤེར་བྱེད་ཐུབ་པས། ཤོག་རིགས་ཀྱི་དཔང་ཡིག་གང་ཡང་སྤྲོད་མི་དགོས། དོ་བདག་ལ་འགྲིམ་འགྲུལ་་དོན་རྐྱེན་ངོས་འཛིན་ཡི་གེའམ་དོན་རྐྱེན་དཔང་ཡིག་འབྱོར་རྗེས། དྲ་ལམ་གྱི་འགྲིམ་འགྲུལ་བདེ་འཇགས་ཕྱོགས་བསྡུས་ཞབས་ཞུ་དོ་དམ་སྟེགས་བུ་དང་། “འགྲིམ་འགྲུལ་དོ་དམ12123”APPབརྒྱུད་དེ་ཤེས་ཐུབ་པར་མ་ཟད། འགྲིམ་འགྲུལ་དོན་རྐྱེན་བྱུང་ཡུལ་གྱི་པར་རིས་དང་། རྩད་ཞིབ་ཟིན་བྲིས། གསལ་འབྱེད་བསམ་འཆར་སོགས་ཀྱི་བདེན་དཔང་རྒྱུ་ཆ་བསྐྱར་དཔར་བྱ་ཆོག ད་སྔ་རང་རེའི་ཞིང་ཆེན་གྱིས་འབྲེལ་སྦྱོར་ཧུར་ཐག་བྱས་ནས་སྔ་མོ་ནས་ལག་བསྟར་ཐུབ་པར་བརྩོན་ལེན་བྱེད་སྒང་རེད།


ཁོན་ཐར་འཚོས་བསྒྱུར།