གཞོང་ཐང་གི་སྣུམ་སྤྱོད་པདྨ་ལ་མེ་ཏོག་བཞད་ནས་དཔལ་འབྱོར་གྱི་འབྲས་བུ་སྨིན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ5པའི་ཚེས31ཉིན་གྱི་སྔ་དྲོ། རྩོམ་པ་པོས་གཞོང་ཐང་ཧའེ་རིགས་ཧོར་རིགས་རང་སྐྱོང་རྫོང་གི་ནན་ཐན་པདྨའི་ར་བའི་ནང་གི་ལྗང་ནེམ་ནེམ་གྱི་གཞུང་རྟ་དང་ལོ་མའི་ཁྲོད། ཏུན་ཁྲི་ཕྲག་ལྷག་གི་ཁ་དོག་དཀར་པོ་དང་གློ་མདོག་གི་པད་མ་བཞད་ཡོད་པས། མེ་ཏོག་གི་འདབ་མ་བཞད་པའི་ཁྲོད་ཀྲོང་ངེར་འགྲེང་བ་ན་མེ་ཏོག་གི་དྲི་བསུང་སྣ་ལམ་དུ་འཐུལ་འོང་སྟེ་མི་སེམས་བཟི་བར་བྱེད།

མེ་ཏོག་གི་འདབ་མ་ཁྲི་ཕྲག་གི་ཁྲོད། མེ་ཏོག་བཏོག་པའི་ལས་བཟོ་པ་དག་སྟར་ཕྲེང་གཅིག་བསྒྲིགས་ནས་མེ་ཏོག་བཏུ་ལ་བྲེལ་བ་ཆེ། ཟུར་ལོགས་སུ་ཡོད་པའི་པད་མའི་ར་བའི་ནང་གི་འགན་ཁུར་མི་སྣ་ཧི་ཀྲི་ཏུང་གིས་ངོ་སྤྲོད་བྱ་རྒྱུར། པད་མ་འདི་དག་བསིལ་སྐམ་བྱས་རྗེས་ད་བཟོད་པད་མའི་ཇ་ལོ་དང་འདབ་མའི་ཇ་ལོ། ཟེའུ་འབྲུའི་ཇ་ལོ་སོགས་ལས་བཞིན་ཡོད།

གཞོང་ཐང་རྫོང་གི་ནན་ཐན་པད་མའི་ར་བ་ནི2016ལོར་གསར་དུ་བཙུགས་ནས་ལས་གཉེར་བྱས་རྗེས། ད་གཟོད་རྫོང་འདི་ནི་པད་མ་ལ་རོལ་མྱོང་བྱེད་སའི་གནས་སུ་གྱུར་ལ། ཕྱོགས་བཞི་མཚམས་བརྒྱད་ཀྱི་འགྲུལ་བ་མང་པོ་གནས་འདིར་འོངས་ནས་ཁམས་གསེང་བྱེད་བཞིན་མེ་ཏོག་ལ་རོལ་མྱོང་བྱས།

རི་མོ་འདི་ནི་མེ་ཏོག་པད་མ་འཐུ་པའི་བརྒྱུད་རིམ་ཧྲིལ་བོ་རེད།

དེ་བཞིན་དུ་ནན་ཐན་མེ་ཏོག་ར་བ་ནི་ཞིང་ཆེན་ཡོངས་ཀྱི་སྣུམ་སྤྱོད་པད་མའི་འདེབས་འཛུགས་རྟེན་གཞི་ཞིག་ཡིན་ལ། གནས་འདིར་སྣུམ་སྤྱོད་པད་མ་རྐང་ཁྲི200ལྷག་འདེབས་འཛུགས་བྱས་ཤིང་། འདི་དག་ལ་ཁ་དོག་རྣམ་པར་བཀྲ་ཞིང་དྲི་བསུང་ཕྱོགས་བཞིར་མཆེད་པའི་མཚན་སྙན་ཅན་གྱི་པད་མ་ཟེར། གནས་འདིར་ཡུལ་སྐོར་བ་ལ་རོལ་མྱོང་ལས་གཞན། འཐུས་ཚབ་ལས་སྣོན་གྱི་བྱེད་ཐབས་ལ་བརྟེན་ནས་པད་མའི་སྣུམ་དང་པད་མའི་ཟེའུ་འབྲུ་ཡི་ཇ་ལོ། པད་མ་ཧྲིལ་བོའི་མེ་ཏོག་གི་ཇ་ལོ། པད་མའི་ཐའེ་མོད་ངོ་སྦྱོར། པད་མའི་སྐོར་གྱི་མཛེས་བཟོ་བྱུགས་རྫས་བཅས་ཀྱིས་མེ་ཏོག་གི་དཔལ་འབྱོར་ཡོང་སྒོ་མོད་པོ་ཞིག་འབྱུང་དུ་བཅུག་ཡོད། 2020ལོའི་ཟླ9པར་པད་མའི་སྣུམ་ནི་ཀྲུང་གོའི་ལྷད་མེད་ཟས་རིགས་འཕེལ་རྒྱས་ལྟེ་གནས་ཀྱིས་ངོས་འཛིན་བྱས་པའི་ལྷད་མེད་ཟས་རིགསAརིམ་པའི་ཐོན་རྫས་སུ་གྱུར།

པད་མའི་ར་བའི་མེ་ཏོག་འཐུ་སྒྲུག་ཡུལ་དངོས་སུ་མེ་ཏོག་འཐུ་སྒྲུག་ལས་བཟོ་པ་དག་གི་སྐེད་པར་འགྱིག་བཟོས་སློ་མ་བཟུང་སྟེ། ལག་པ་གཅིག་གིས་ནེམས་ཤ་ལྡན་པའི་མེ་ཏོག་གི་འདབ་མ་ཡོངས་སུ་བཞད་མེད་པ་དེ་དག་རེ་རེ་བཞིན་བཏོགས་བཞིན། རྐང་ལག་གི་ལྡེམ་མྱུར་ཁྲོད་འགུལ་སྐྱོད་རེ་རེ་ལ་བྱང་ཆ་ལྡན། དེའི་མི་ཚད་ཚང་མས་བཏོགས་ཟིན་པ་དེ་དག་ནི་བཞད་ལ་ཉེ་བའི་པད་མའི་མེ་ཏོག་རེ་རེ་ཡིན་ལ། མེ་ཏོག་གི་འཛུམ་བུ་གྲོལ་མེད་པ་དང་གྲོལ་ཟིན་པ་དག་གཅིག་ཀྱང་བཏོག་མི་རུང་། པད་མའི་ར་བའི་འགན་ཁུར་མི་སྣ་ཧི་ཀྲི་ཏུང་གིས་ངོ་སྤྲོད་བྱེད་རྒྱུར། པད་མའི་མེ་ཏོག་ཧྲིལ་བོའི་ཇ་ལོ་ནི་ར་བའི་ནང་གི་སྣུམ་སྤྱོད་པད་མའི་རིགས་དབྱེ་ཁྲོད་ཀྱི་བཞད་ལ་ཉེ་བའི་མེ་ཏོག་ཧྲིལ་བོ་ཡིན་ལ། འཛུམ་བུ་གྲོལ་མེད་པ་དག་གིས་ཇ་ལོའི་མེ་ཏོག་བྱ་མི་རུང་ལ། བཞད་ཟིན་པ་དག་གི་ཟེའུ་འབྲུ་ནི་སྦྲང་མས་བླངས་ཟིན་པས། ཟེའུ་འབྲུའི་འཚོ་བཅུད་ཀྱི་འདུས་ཚད་ཅུང་དམའ་པས། རབ་ཡིན་ན་འཛུམ་བུ་གྲོལ་ལ་ཉེ་བའི་པད་མའི་མེ་ཏོག་དག་བཏོག་དགོས།

འདྲ་པར་འདི་ནི་མེ་ཏོག་གསར་བ་བཏོག་ཟིན་པའི་མེ་ཏོག་གི་ལྡུམ་རིགས་བྲེས་འབྲེག་བྱེད་བཞིན་པའི་རྣམ་པ།

འདྲ་པར་འདི་ནི་བྲེས་འབྲེག་རྗེས་ཀྱི་མེ་ཏོག་དབྱིབས་བཟོས་ཡོ་བྱད་ནང་འཇོག་བཞིན་པའི་རྣམ་པ་རེད།

མེ་ཏོག་གསར་པ་མེ་ཏོག་བཏོག་རྒྱུ་དེ་ནི་པད་མའི་མེ་ཏོག་གི་ཇ་ལོའི་ལས་རིམ་དང་པོ་ཡིན་ལ། ད་རུང་བཟོ་བཅོས་དང་དབྱིབས་བཟོ། དྲོད་ཚད་དམའ་བའི་བསིལ་སྐམ་སོགས་ཀྱི་བཟོ་ལས་གོ་རིམ་བརྒྱུད་དགོས།

མེ་ཏོག་ཧྲིལ་བོ་བསིལ་སྐམ་བྱེད་པའི་འཁོར་ཁང་དུ་འཛུལ་རྗེས། ལས་བཟོ་པ་མི་བཅུ་ལྷག་གིས་འཐུ་སྒྲུགས་བྱས་པའི་མེ་ཏོག་གསར་པ་དག་གི་ལྡུམ་རིགས་བྲེས་འབྲེག་གིས་བཟོ་བཅོས་བྱེད་བཞིན་ཡོད་ལ། ལ་ལས་དབྱིབས་བཟོས་ཡོ་བྱད་ཁྲོད་མེ་ཏོག་གསར་པ་འཇོག་བཞིན་ཡོད། ལ་ལས་རིགས་བཀར་བཙོ་སྦྱངས་ཁུག་མའི་བསིལ་སྐམ་སྒྲིག་ཆས་ཁྲོད་ཀྱི་མེ་ཏོག་སྐམ་པོ་དག་ལེན་བཞིན་ཡོད། ཧི་ཀྲི་ཏུང་གིས་ངོ་སྤྲོད་བྱེད་རྒྱུར། མེ་ཏོག་གསར་པ་འདི་དག་ལ་དུས་ཚོད36རིང་གི་དྲོད་ཚད་དམའ་མོའི་བསིལ་སྐམ་བརྒྱུད་ད་བཟོད་པད་མ་སྐམ་པོའི་མེ་ཏོག་ཧྲིལ་བོར་གྱུར་ཡོད་ཟེར།

འདྲ་པར་འདི་ནི་དབྱིབས་བཟོས་ཡོ་བྱད་ཁྲོད་བཞག་པའི་མེ་ཏོག་བསིལ་སྐམ་ཁང་དུ་སྤོར་བཞིན་པའི་རྣམ་པ།

རྒྱུས་ལོན་པ་ལྟར་ན། གཞོང་ཐང་ནན་ཐན་པད་མའི་ར་བའི་ནང་དུ་ཏུའུ་སྟོང་ཕྲག་ལྷག་གི་སྣུམ་སྤྱོད་པད་མ་ཡོད་ལ། པད་མའི་མེ་ཏོག་གི་ཇ་ལོ་གསར་བཟོ་བྱེད་རྒྱུ་དེ་ནི་པད་མའི་མེ་ཏོག་གི་ཐོན་རྫས་གང་དེའི་གོ་རིམ་ཐོག་མ་ཡིན། ད་རུང་པད་མའི་སྣུམ་དང་པད་མའི་མེ་ཏོག་གི་ཟེའུ་འབྲུའི་ཇ་ལོ། པད་མའི་མེ་ཏོག་གི་འདབ་མའི་ཇ་ལོ། པད་མའི་ཆང་སོགས་ཐོན་རྫས་ཡང་ཡིན།

པད་མའི་ར་བའི་འགན་ཁུར་མི་སྣའི་ངོ་སྤྲོད་ལྟར་ན། 2020ལོར་ལས་སྣོན་བྱས་པའི་པད་མའི་སྣུམ་གྱི་ཐོན་ཚད་ནི་སྤྱི་རྒྱ1500ལྷག་ཡིན་ལ། བསིལ་སྐམ་དང་གསར་བཟོ་བྱས་པའི་པད་མའི་མེ་ཏོག་གི་ཇ་ལོ་ལ་པད་མ་ཧྲིལ་བོ་རྐང་ཁྲི5ལྷག་ཡོད། པད་མའི་མེ་ཏོག་གི་ཟེའུ་འབྲུའི་ཇ་ལོ་སྤྱི་རྒྱ50བཅས་ཀྱི་ཁྱོན་བསྡོམས་པས་ཡོང་འབབ་སྒོར་ཁྲི350ཡིན། ད་ལོའི་འཆར་གཞི་ནི་པད་མའི་འབྲུ་སྣུམ་སྤྱི་རྒྱ1500དང་པད་མའི་ཆང་སྤྱི་རྒྱ3000ལྷག པད་མའི་མེ་ཏོག་ཧྲིལ་བོའི་ཇ་ལོ་རྐང་འབུམ་གཅིག པད་མའི་མེ་ཏོག་གི་འདབ་མའི་ཇ་ལོ་སྤྱི་རྒྱ200ལྷག པད་མའི་མེ་ཏོག་གི་ཟེའུ་འབྲུའི་ཇ་ལོ་སྤྱི་རྒྱ50ལྷག་བཅས་ལས་སྣོན་བྱས་ཏེ། ཡོད་ཚད་ཕྱིར་འཚོང་བྱས་རྗེས་ཀྱི་དཔལ་འབྱོར་ཡོང་འབབ་སྔོན་དཔག་ལྟར་ན་སྒོར་ཁྲི450ཡིན་ངེས།

འདྲ་པར་འདི་ནི་བསིལ་སྐམ་བྱས་རྗེས་ཀྱི་པད་མའི་མེ་ཏོག་ཧྲིལ་བོའི་ཐོན་རྫས་ཡིན།

པད་མའི་མེ་ཏོག་ར་བའི་མེ་ཏོག་གི་དཔལ་འབྱོར་ཡོང་འབབ་ལ་པད་མའི་རིགས་ཀྱི་ཐོན་རྫས་ཀྱི་ཡོང་སྒོ་ལས་གཞན། ད་རུང་ཡུལ་སྐོར་འགྲུལ་བའི་མྱོང་གཟིགས་ཡོང་སྒོ་ཡང་ཡོད། ཧི་ཀྲི་ཏུང་གི་ངོ་སྤྲོད་ལྟར་ན། ད་ལོའི་ཟླ5པའི་ཚེས1ཉིན་མེ་ཏོག་ར་བ་ཕྱེས་པ་ནས་བཟུང་། ཟླ5པའི་ཚེས31ཉིན་བར་པད་མའི་ར་བས་ཁྱོན་བསྡོམས་པས་རྫོང་ཕྱི་ནང་གི་ཡུལ་སྐོར་འགྲུལ་བ་མི་གྲངས་ཁྲི3ལྷག་ལ་སྣེ་ལེན་བྱས་ཤིང་། ཡུལ་སྐོར་ཡོང་འབབ་སྒོར་ཁྲི80ལྷག་མངོན་འགྱུར་བྱུང་ཡོད།

དེ་དང་ཆབས་ཅིག་ས་ཞིང་བོགས་གཏོང་དང་ས་གནས་མང་ཚོགས་ཀྱིས་ར་བའི་ནང་དུ་ལས་ཀ་བྱེད་པ་སོགས་ཀྱི་རྣམ་པས་ས་གནས་མང་ཚོགས་ཀྱིས་རང་ཁྱིམ་གྱི་སྒོ་མདུན་དུ་རང་ཁྱིམ་ལ་བདག་སྐྱོང་བྱེད་ཞོར་ལས་དོན་ཡོང་འབབ་ཡང་ཡོད་པས། ས་གནས་སྡེ་མི་དག་ལ་པད་མའི་མེ་ཏོག་གི་དཔལ་འབྱོར་གྱིས་དོན་དངོས་ཁེ་ཕན་མང་པོ་བསྐྲུན། པད་མའི་ར་བའི་ནང་ལོ་ངོ་དྲུག་གི་རིང་ལ་ལས་ཀ་བྱེད་མྱོང་བའི་ནན་ཐན་སྡེ་བའི་སྡེ་མི་ཝང་ཀྲི་ཧའེ་ཡིས་བསྟན་དོན། ཁོ་ཚང་གི་ཞིང་ས་མུའུ་ལྔ་དྲུག་ལྷག་ཡོད་པ་དེ་ཚང་མ་མེ་ཏོག་གི་རྒྱ་མཚོའི་ལྗོངས་ཁུལ་ལ་བོགས་གཏོང་བྱས་ཤིང་། མུའུ་རེར་སྒོར700ཡི་ས་ཞིང་བོགས་གཏོང་རིན་དངུལ་ཡོད་ལ། དེའི་ཁར་ལོ་གཅིག་གི་ལས་ཀའི་ཡོང་འབབ་བསྣན་ན། ལོ་གཅིག་གི་ནང་དུ་ཁྱོན་བསྡོམས་པས་ཡོང་འབབ་སྒོར་ཁྲི3ལྷག་ཡོད།

འདྲ་པར་འདི་ནི་གཞོང་ཐང་ནན་ཐན་སྣུམ་སྤྱོད་པད་མའི་རྟེན་གཞི་ཡིན།

ཧི་ཀྲི་ཏུང་གིས་བསྟན་དོན། ང་ཚོས་མུ་མཐུད་དུ་པད་མའི་ཐོན་རྫས་གཞིར་བཟུང་སྟེ་ཡུལ་སྐོར་གསར་སྐྲུན་དང་པད་མའི་ཐོན་རྫས་གཞིར་བཟུང་སྟེ་ཡུལ་སྐོར་བོགས་གཏོང་། པད་མའི་ལྗོངས་ཁུལ་གྱི་བྱེད་ནུས་གཞིར་བཟུང་སྟེ་ཡུལ་སྐོར་ལ་རམ་འདེགས། གྲོང་གསེབ་གཞིར་བཟུང་སྟེ་པད་མའི་ཡུལ་སྐོར་གྱི་དར་སྤེལ་བཅས་ཀྱི་འཕེལ་རྒྱས་བསམ་བློ་དང་ལེགས་སྒྲིག་ཁྱབ་ཁོངས་ཐོན་ཁུངས་ཀྱིས་ཐོན་སྐྱེད་མཁོ་སྤྲོད། ཕྱིར་འཚོང་ཟུང་འབྲེལ་གྲུབ་པ་དང་། དེ་མིན“ཀུང་ཟི+རྟེན་གཞི+ཞིང་ཁྱིམ”བཅས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་གཞག་གིས་ཉེ་འཁོར་མང་ཚོགས་ཀྱི་ཡོང་སྒོ་རིམ་བཞིན་ཇེ་མང་དུ་གཏོང་རྒྱུར་སྣེ་ཁྲིད་བྱས་ལ། པད་མའི་རིག་གནས་གསར་སྐྲུན་དང་པད་མའི་ཐོན་རྫས་རིམ་བསྟར། ཁམས་གཡེང་ཞིང་ལས། མྱོང་གཟིགས་ཡུལ་སྐོར། ཞིབ་འཇུག་རིག་པའི་རྟེན་གཞི། ཁྱད་ལྡན་དམངས་ཤག ཁམས་གསོ་མཉམ་བསྲེས་བཅས་ཀྱི་མཐོ་སྒང་པད་མའི་རིག་གནས་ཀྱི་ཕྱོགས་བསྡུས་ཡུལ་སྐོར་ཁམས་གཡེང་གནས་མཆོག་ཤིག་གྲུབ་དུ་འཇུག་རྒྱུ་ཡིན་ཟེར།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།