རྨ་ལྷོ་ཁུལ་གྱིས་ན་ཆུང་བྱིས་པ་རྣམས་ལ་སློབ་སྦྱོང་དང་འཚར་ལོངས་ཀྱི་ཁོར་ཡུག་ཡག་པོ་བསྐྲུན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ6པའི་ཚེས1ཉིན་གྱི་སྔ་དྲོ། རྨ་ལྷོ་ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་བཀྲ་ཤིས་ཚེ་རིང་སྔ་གཞུག་ཏུ་གཅན་ཚ་རྫོང་གི་ལོ་དགུའི་ལམ་ལུགས་སློབ་གྲྭ་དང་མར་ཁུ་ཐང་གྲོང་རྡལ་གྱི་ཚ་ཆང་སློབ་ཆུང་གཉིས་པ་བཅས་ལ་སོང་སྟེ་ན་ཆུང་བྱིས་པ་དག་ལ་འཚམ་འདྲི་དག་ལ་འཚམ་འདྲི་བྱས་ཤིང་། ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ཏེ་ཁུལ་ཡོངས་ཀྱི་ན་ཆུང་བྱིས་པ་དག་ལ་དུས་ཆེན་གྱི་སྨོན་འདུན་ཞུས་པ་མ་ཟད། ན་ཆུང་བྱིས་པ་དག་བདེ་ཐང་ངང་འཚར་ལོངས་འབྱུང་བར་དཀའ་སྡུག་གི་འབད་བརྩོན་བྱེད་པའི་རྒྱ་ཆེའི་སློབ་གསོའི་བྱ་བ་སྒྲུབ་མཁན་དག་ལ་ཡང་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཞུས་པ་མ་ཟད། ཐུགས་བརྩེ་བའི་ཁམས་འདྲི་གནང་། ཁོས་ནན་གྱིས་བསྟན་དོན། ན་ཆུང་བྱིས་པ་ནི་རྒྱལ་ཁབ་ཀྱི་མ་འོངས་པ་དང་མི་རིགས་ཀྱི་རེ་བ་ཡིན་པས། ན་ཆུང་བྱིས་པའི་བདེ་ཐང་འཚར་ལོངས་དེ་གཞི་རྩའི་ཇུས་ཆེན་དུ་གཟུང་རྒྱུ་མཐའ་འཁྱོངས་སྒོས་སྔར་ལས་ལྷག་པའི་སྒོ་ནས་ན་ཆུང་བྱིས་པ་དག་ལ་ཐུགས་ཁུར་དང་དོ་ཁུར་བྱེད་དགོས་ཤིང་། སྤུས་ཚད་མཐོ་པའི་རྨང་གཞིའི་སློབ་གསོ་དམ་འཛིན་ངང་མི་དམངས་ཀྱི་འདོད་བློ་ཚིམས་པའི་སློབ་གསོའི་བྱ་བ་ལེགས་པོ་སྒྲུབ་དགོས་པ་མ་ཟད། ན་ཆུང་བྱིས་པ་དག་གི་སློབ་སྦྱོང་དང་འཚར་ལོངས་ལ་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས་ཟེར།

གཅན་ཚ་རྫོང་ལོ་དགུའི་ལམ་ལུགས་སློབ་གྲྭ་དང་མར་ཁུ་ཐང་གྲོང་རྡལ་ཆ་ཚང་སློབ་ཆུང་གཉིས་པས་དྲུག་གཅིག་ལུས་རྩལ་འགྲན་ཚོགས་བསྡུས་ནས་རིག་རྩལ་འཁྲབ་སྟོན་སོགས་བྱ་འགུལ་སྤེལ་བཞིན་པའི་སྐབས་སུ་ཁེལ་པས། སློབ་གྲྭའི་ནང་སྤྲོ་སྣང་གི་དགོད་སྒྲའི་ཁེངས་ཡོད་ལ། བྱིས་པ་དག་གི་ངོ་གདོང་དུ་དགའ་སྤྲོའི་འཛུམ་མདངས་འཁྱིལ་ཡོད། སློབ་གྲྭར་འབྱོར་རྗེས་ན་ཆུང་གདོང་ལེན་རུ་མི་དག་ཡར་འོངས་ནས་བཀྲ་ཤིས་ཚེ་རིང་ལ་སྐེ་དཀྲིས་དམར་པོ་བརྒྱབ་པ་མ་ཟད། ངོ་མཚར་ཡིད་དུ་འོངས་པའི་རིག་རྩལ་ལེ་ཚན་མང་པོ་འཁྲབ་སྟོན་བྱས་ལ། བྱིས་པ་དག་གི་བདེ་ཐང་གསོན་ཤུགས་དང་ཆེས་ལེགས་པོའི་སྙིང་སྟོབས་ཀྱི་རྣམ་པའི་ཡོངས་སུ་ཁེངས་ཡོད། བྱིས་པ་དག་གི་ཡིད་དུ་འོངས་པའི་འཛུམ་མདངས་དང་ངོ་མཚར་བའི་འཁྲབ་སྟོན་རེ་རེ་བཀྲ་ཤིས་ཚེ་རིང་གིས་དངོས་སུ་རོལ་མྱོང་བྱས་ཏེ། ཁོ་ཚོའི་དུས་ཆེན་ལ་སྤྲོ་སྐྱིད་ལྡན་པའི་སྨོན་འདུན་ཞུས། དེར་མ་ཟད་ཁོ་ཚོར་སློབ་སྦྱོང་ལ་ཧུར་བརྩོན་བྱས་ཏེ་ལུས་པོ་སྦྱོང་བརྡར་དང་རང་སྟོབས་རང་སྐྱེད་ཀྱིས་མ་འོངས་པར་རྒྱལ་ཁབ་ཀྱི་གདུང་འདེགས་ཀ་བ་བྱེད་དགོས་པའི་བཅོལ་བདམས་བསླབ་བྱ་གནང་།

དེའི་འཕྲོར་བཀྲ་ཤིས་ཚེ་རིང་གིས་ནན་ཏན་སྒོས་སློབ་གྲྭའི་རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན་དང་སློབ་སྒྲུབ་གཞི་ཁྱོན། དགེ་རྒན་དག་གི་སྒྲིག་ཆས། དགེ་སློབ་དག་གི་སློབ་སྦྱོང་དང་འཚོ་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་ཤིང་། སློབ་གྲྭའི་འགན་ཁུར་མི་སྣ་དང་དགེ་རྒན་གྱི་འཐུས་ཚབ་མི་སྣ་དག་ལ་བྱམས་བརྩེའི་ངང་ནས་བསམ་བློ་བརྗེ་རེས་བྱས། འབྲེལ་ཡོད་གནས་ཚུལ་གྱི་ངོ་སྤྲོད་མཐའ་དག་ལ་ཉན་རྗེས་བཀྲ་ཤིས་ཚེ་རིང་གིས་ལོ་འདི་དག་རིང་གཅན་ཚ་རྫོང་གིས་སློབ་གསོའི་བྱ་བའི་ཐད་བླངས་པའི་གྲུབ་འབྲས་ལ་གདེང་འཇོག་ཚད་མཐོན་པོ་གནང་ཞིང་། རྒྱ་ཆེའི་སློབ་གསོའི་བྱ་བ་སྒྲུབ་མཁན་གྱིས་སློབ་གསོའི་བྱ་བའི་ཐད་ཕུལ་བའི་དཀའ་སྡུག་གི་ཧུར་བརྩོན་ལ་སེམས་བསམ་པའི་གཏིང་ནས་བཀའ་དྲིན་ཞུས་པ་རེད། ཁོས་བཤད་རྒྱུར། ལོ་བརྒྱའི་ཇུས་ཆེན་ནི་སློབ་གཞིའི་གཞི་རྩ་ཡིན་པས། རྒྱ་ཆེའི་སློབ་གསོའི་བྱ་བ་སྒྲུབ་མཁན་གྱིས་སློབ་གསོའི་གལ་ཆེན་རང་བཞིན་ལ་ངོས་འཛིན་འཐུས་ཚང་ངང་། བློ་སེམས་གཉིས་ཀྱིས་སློབ་མའི་འཚར་ལོངས་ལ་དོ་ཁུར་བྱས་ཏེ། རྒྱུ་འབྲས་དྲང་གཞག་སྒོས་ན་ཆུང་བྱིས་པ་དག་གི་མི་ཚེ་ཁྲོད་ཀྱི་གོམ་པ་དང་པོ་དེ་ལེགས་པོ་ཞིག་སྤོ་རུ་འཇུག་དགོས་ལ། ཁོ་ཚོ་སློབ་སྦྱོང་ལ་དགའ་བ་དང་ངལ་རྩོལ་ལ་དགའ་བ། མེས་རྒྱལ་ལ་དགའ་བར་སྣེ་ཁྲིད་དེ། ཧུར་ཐག་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གསབ་སྦྱོང་ངང་ཡིད་རྟོན་ཆོག་པའི་རྗེས་རབས་པ་ཞིག་སྐྱེད་བསྲིངས་བྱ་དགོས་ཟེར།

བཀྲ་ཤིས་ཚེ་རིང་གིས་ནན་གྱིས་བསྟན་དོན། སློབ་གསོའི་བྱ་གཞག་ནི་མིའི་རིགས་ཀྱིས་ཆེས་བླ་ན་མཐོ་པའི་བྱ་གཞག་ཡིན་པས། ན་ཆུང་བྱིས་པ་དག་གི་བདེ་ཐང་སྤྲོ་སྣང་དང་བདེ་སྐྱིད་ཀྱི་འཚར་ལོངས་ནི་ཏང་དང་སྲིད་གཞུང་གི་བསྐྱུར་དུ་མེད་པའི་འོས་འགན་ཡིན། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་འབྲེལ་ཡོད་སྡེ་ཁག་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་འདོད་བློ་ཚིམ་པའི་སློབ་གསོ་དེ་ཆེས་མཐོའི་འགན་འཁྲིར་བཟུང་ནས། བློ་བརྟན་འགྱུར་མེད་ངང་སློབ་གསོའི་སྤུས་ལེགས་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ངང་སློབ་གསོའི་བྱ་བ་དེ་ཆེས་འབུར་དུ་ཐོན་པར་རྒྱུན་འཁྱོངས་ངང་སྔར་ལས་ལྷག་པའི་སྒོ་ནས་གོ་གནས་གལ་ཆེན་དུ་བཟུང་ཤིང་། སློབ་གསོའི་གཏོང་ཤུགས་ཆེས་ཆེར་བཏང་ལ། སྔོན་ཐོན་ཉམས་མྱོང་ལ་སློབ་སྦྱོང་བྱེད་པའི་གསལ་འབྱེད་ཀྱིས་སློབ་གསོའི་འདུ་ཤེས་མུ་མཐུད་དུ་མཐོར་འདེགས་སུ་གཏོང་དགོས། ཧུར་ཐག་སྒོས་སློབ་གསོའི་རྣམ་པ་གསར་སྐྲུན་བྱས་ཏེ་སློབ་གསོའི་རྒྱུ་སྤུས་མཐོར་འདེགས་སུ་གཏོང་དགོས། དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་སྒོས་དགེ་རྒན་འཇོན་ཐང་ཅན་གསབ་སྦྱོང་དང་ནང་འདྲེན་བྱས་ཏེ་རྨང་གཞིའི་སློབ་གསོའི་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་སུ་གཏོང་རྒྱུ། ཁྲིམས་འཛིན་སློབ་གསོ་དང་བདེ་འཇགས་སློབ་གསོ། སེམས་ཁམས་བདེ་ཐང་སློབ་གསོ་སོགས་ལ་ཤུགས་བསྣན་ནས། བདེ་འཇགས་འགོག་སྲུང་འདུ་ཤེས་ཆེས་ཆེར་གཏོང་བ་དང་གོམ་གང་མདུན་སྤོས་སྒོས་སློབ་རའི་རྒྱུན་ལྡན་ཅན་གྱི་རིམས་ནད་སྔོན་འགོག་དམ་འཛིན་བྱེད་པ། ཧུར་ཐག་སྒོས་བདེ་ཐང་དང་བདེ་འཇགས། སྤྲོ་སྣང་བཅས་ཀྱི་སློབ་རའི་ཁོར་ཡུག་ལེགས་པོར་བསྐྲུན་ནས། སློབ་མ་དག་གི་འཚར་ལོངས་ཐད་ལ་རྨང་གཞི་བརྟན་པོ་ཞིག་འདིངས་དགོས་ཟེར།

གཅན་ཚ་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་། ཁུལ་སློབ་གསོ་བཟོ་ཨུའི་འགན་ཁུར་བློ་མཐུན་བཅས་ཀྱི་འགྲོ་རོགས་འོག་རྟོག་ཞིབ་དང་འཚམ་འདྲི་བྱས་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།