སློབ་གསོ་པུའུ་ཡིས་སློབ་གྲྭའི་བྱེད་ཐབས་འདི་དག་གཏན་འགོག་བྱ་རྒྱུ།

རང་རེའི་དྲ་བའི་འཕྲིན། ཟླ6པའི་ཚེས1ཉིན། སློབ་གསོ་པུའུ་ཡིས་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་བསྡུས་ཏེ། 《ན་སོ་དར་ལ་མ་བབས་པའི་བྱིས་པའི་སློབ་གྲྭའི་སྲུང་སྐྱོབ་གཏན་འབེབས》ཁྱབ་སྒྲོག་བྱས་པར་མ་ཟད་ན་སོ་དར་ལ་མ་བབས་པའི་བྱིས་པའི་སློབ་གྲྭའི་སྲུང་སྐྱོབ་བྱ་བའི་བྱེད་ཐབས་ལ་ཤུགས་སྣོན་བྱ་དགོས་པ་བཏོན། སློབ་གསོ་པུའུ་སྲིད་ཇུས་སྒྲིག་ཁྲིམས་ཁང་གི་སི་ཀྲང་ཏེང་ཁྲོན་ཧོའེ་ཡིས་གྲོས་ཚོགས་སྟེང་ངོ་སྤྲོད་བྱ་རྒྱུར། སློབ་མའི་གསང་བ་དང་རང་བཀུར་གྱི་བསམ་པར་སྲུང་སྐྱོབ་དང་འགྲན་སྡུར་ཇེ་ཉུང་ལ་གཏོང་བ། མཐོང་ཆུང་གི་བྱ་སྤྱོད་སྔོན་འགོག་དང་སློབ་མའི་གནོན་ཤུགས་ཇེ་ཡང་དུ་གཏང་ཆེད། 《གཏན་འབེབས》ལས་སློབ་གྲྭ་དང་དགེ་རྒན་གྱིས་སློབ་མའི་རྒྱུགས་འབྲས་དང་ཨང་རིམ་སྤྱི་སྒྲོག་བྱ་མི་ཆོག ཡིན་ནའང་སློབ་གྲྭས་བྱེད་ཐབས་སྤྱད་ནས་ཁྱིམ་བདག་ལ་སློབ་མའི་རྒྱུགས་འབྲས་སོགས་ཀྱི་ཆ་འཕྲིན་ཤེས་སུ་འཇུག་དགོས་པའི་བླང་བྱ་བཏོན།

ཁོས་བཤད་རྒྱུར། 《གཏན་འབེབས》ལས་རྩ་ཁྲིམས་དང་དམངས་དོན་ཁྲིམས་གཞུང་། ན་སོ་དར་ལ་མ་བབས་པའི་བྱིས་པའི་སྲུང་སྐྱོབ་བཅའ་ཁྲིམས། སློབ་གསོ་བཅའ་ཁྲིམས་སོགས་ཀྱི་ཁྲིམས་ལུགས་གཞིར་བཟུང་སྟེ། སློབ་གྲྭས་སྲུང་སྐྱོབ་བྱ་དགོས་པའི་ན་སོ་དར་ལ་མ་བབས་པའི་བྱིས་པའི་གཞི་རྩའི་ཁེ་དབང་ཕྱོགས་བསྡུས་བྱས་ཏེ། སྲུང་སྐྱོབ་སྐོར་གྱི་ལེའུ་གཅིག་ཆེད་དུ་སྒྲིག་ནས་གཏན་འབེབས་བྱས་ཡོད། དཔེར་ན། སློབ་གྲྭས་སློབ་མའི་རང་དབང་ལ་བཙན་གནོན་བྱེད་པའི་དོ་དམ་བྱེད་ཐབས་བཙུགས་མི་ཆོག་ཅིང་། སློབ་ཐུན་གྲོལ་སྐབས་དང་སློབ་ཁྲིད་དུས་ཚོད་མིན་པའི་སྐབས་ཀྱི་རྒྱུན་ལྡན་གྱི་ལབ་གླེང་དང་རོལ་རྩེད། སློབ་ཁང་གི་ཕྱི་རོལ་གྱི་བྱ་འགུལ་སོགས་རང་དབང་གི་དུས་ཚོད་ལ་དགོས་པ་མེད་པའི་ཚོད་འཛིན་བྱ་མི་ཆོག་ཟེར།

ལོ་ཙཱ་པ། ལྷ་ཆེན་རྒྱལ།