མཚོ་ཤར་གྱིས་ཞིང་སྡེ་ཚོང་དོན་དངུལ་ཁང་གི་སྒོ་བྱང་བཀལ་ནས་ལས་གཉེར་མགོ་བརྩམས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ5པའི་ཚེས25ཉིན། མཚོ་ཤར་ཞིང་སྡེ་ཚོང་དོན་དངུལ་ཁང་མ་རྐང་ཚད་ཡོད་ཀུང་ཟིར་སྒོ་བྱང་བཀལ་ཏེ་ལས་གཉེར་བྱེད་འགོ་བརྩམས་ཤིང་། དེས་ཞིང་ཆེན་ཡོངས་ཀྱི་ཞིང་ལས་ཡིད་རྟོན་ཁང་མ་རྐང་ལམ་ལུགས་ཀྱི་བཅོས་སྒྱུར་བྱ་བ་དེ་བདེ་བླག་ངང་ལས་འགོ་ཚུགས་པ་མཚོན་ལ། རང་ཞིང་ཡང་རྒྱལ་ཡོངས་ཞིང་སྡེ་ཚོང་ལས་དངུལ་ཁང་གཉེར་མཁན་ཨང་བརྒྱད་པ་དང་ཁྱོན་ཡོངས་ལ་ཁེབས་པ་མཚོན་ཡོད།

མཚོ་ཤར་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་ཝང་ཧྭ་ཅེས་ལས་གཉེར་མཛད་སྒོའི་སྟེང་ཤིས་ཚིག་ཕུལ། ཞིང་ལས་ཡིད་རྟོན་ཁང་ནི་ཞིང་བར་བརྟེན་ནས་བྱུང་བ་དང་ཞིང་བར་འགྲོགས་ནས་འཚར་ལོངས་བྱུང་པས། ཞིང་ལས་དང་ཞིང་སྡེ། ཞིང་བ་བཅས་ལ་འོ་ཆུ་མཉམ་འདྲེས་ཀྱི་འབྲེལ་བ་དམ་པོ་ཡོད་ལ། དངུལ་རྩའི་ཞབས་ཞུའི“ཞིང་གསུམ”གྱི་སྟོབས་ཤུགས་གཙོ་བོའང་ཡིན། དུས་རབས་སྔོན་མའི་ལོ་རབས50པའི་ནང་མཚོ་ཤར་གྱི་ཞིང་སྡེ་ཡིད་རྟོན་ཁང་ཐོག་མ་དེ་གཞོང་ཐང་རྫོང་གི་ཀོན་ཐེན་དུ་བཙུགས་ལ། དུས་ཡུན་ལོ་ངོ་དྲུག་ཅུའི་རིང་ལ་འཕེལ་རྒྱས་བྱུང་། མཚོ་ཤར་ཞིང་སྡེ་ཡིད་རྟོན་དང་མཚོ་ཤར་གྲོང་ཁྱེར་གཉིས་མཉམ་དུ་འཚར་ལོངས་དང་མཉམ་དུ་གོམ་པ་སྤོས་སྟེ་མེད་པ་ནས་ཡོད་པ་དང་། ཆུང་ས་ནས་ཆེ་ས། ཉམ་ཆུང་ནས་དྲག་ཞན་བར་ལ་འགྱུར་བ་བླ་ལྷག་བྱུང་ཡོད། མཚོ་ཤར་ཞིང་སྡེ་ཚོང་ལས་དངུལ་ཁང་བཙུགས་པ་དེ་ནི་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་ས་གནས་དངུལ་རྩའི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་ཐབས་ཇུས་གལ་ཆེན་ཞིག་ཡིན་ལ། མཚོ་ཤར་གྱི་གསར་པ་ལྔ་ཡི་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པའི་དོན་དངོས་དེ་མངོན་འགྱུར་བྱུང་ཡོད།

མཚོ་ཤར་གྲོང་ཁྱེར་གྱིས་ཞིང་སྡེ་ཚོང་དོན་དངུལ་ཁང་ལ་བདེ་བླག་ངང་སྒོ་བྱང་བཀལ་པ་ལེགས་འགྲུབ་བྱུང་བ་དེས་དངུལ་རྩའི་བཅོས་སྒྱུར་འཐབ་ཇུས་ཀྱི་བཀོད་སྒྲིག་གཏིང་ཟབ་དུ་བཏང་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་སྡེའི་ཡིད་རྟོན་ཁང་གི་བཅོས་སྒྱུར་འཕེལ་རྒྱས་སུ་གཏོང་བའི་གནད་འགག་ལག་བསྟར་དོན་འཁྱོལ་བྱས་པ་ཡང་ཡིན་པས། ཡོངས་ཁྱབ་དམངས་ཕན་དངུལ་རྩའི་དཔེ་སྟོན་ས་ཁུལ་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་གལ་ཆེན་ཞིག་ཀྱང་ཡིན་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།