ཆུ་སྤུས་གཙང་བཏུང་རྒྱུ་བྱུང་བས་མང་ཚོགས་བློ་བདེ་བར་གྱུར།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཙོང་ཁ་ཆུས་ཧའེ་ཙི་ཀུའུ་ཡུལ་ཚོ་ཏུང་ཀུའུ་སྡེ་བའི་ཁྲིན་ཐའེ་པང་གི་ཡུལ་དུ་ཟ་ཁང་དང་འཕྲོད་བསྟེན་ཁང་། ར་སྐོར་ཚང་མའི་ནང་དུ་སྦུག་ཆུའི་ཆུ་འགོ་སྒྲིག་འཇུ་བྱས་ཤིང་། ལག་པས་གཅུས་པ་ཙམ་གྱིས་དྭངས་ཤིང་གཙང་པའི་བཏུང་ཆུ་ཤག་ཤག་བཞུར་འོངས། སྔོན་ཆད་ཆུ་བཏུང་རྒྱུ་གནམ་ལ་རེ་དགོས་ཤིང་། ཆུའི་རྒྱུ་སྤུས་སྐབས་རེར་ལེགས་ཤིང་སྐབས་རེར་ཞན། ད་ལྟ་རང་ཁྱིམ་དུ་ཆུ་སྒོ་ཕྱེ་མ་ཐག་དྭངས་གཙང་གི་ཆུ་ཤག་ཤག་བཞུར་འོངས་པས་ཧ་ཅང་སྟབས་བདེ་ཡིན།

ཏུང་ཀུའུ་སྡེ་བ་ནི་གྲོག་རོང་གི་ནང་དུ་ཡོད་ལ། ས་ཁམས་གནས་བབ་ཀྱི་ཚད་བཀག་གི་དབང་གིས་སྔོན་ཆད་བཟའ་བཏུང་ལ་སྤྱོད་པའི་ཆུ་གཙོ་བོ་ནི་ཕྲག་ཁུར་ལ་བརྟེན་དགོས་ཤིང་། གལ་ཏེ་དྲག་ཆར་དང་ཆར་བ་འབབ་པའི་དུས་ཚིགས་སུ་ཆུ་སྤུས་མི་ལེགས་པ་དང་ཆུ་ཆད་པའི་སྣང་ཚུལ་འབྱུང་སྲིད། ཁྱོན་ཡོངས་ནས་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་བཏུང་ཆུའི་གནས་ཚུལ་ལ་བཅོས་སྒྱུར་བྱ་ཆེད། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་ཟི་ལིང་གྲོང་ཁྱེར་ཙོང་ཁ་ཆུས་ལ་ས་བབ་ཡུལ་བསྟུན་དང་སྡེ་བསྟུན་སྲིད་ཇུས་ལག་བསྟར། ས་བབ་རྒྱང་རིང་ཞིང་མང་ཚོགས་ཀྱི་བཏུང་ཆུའི་གནས་ཚུལ་ལ་བཅོས་སྒྱུར་བྱ་ཆེད། གྲོང་གསེབ་བཏུང་ཆུ་སྲ་བརྟན་རིམ་བསྟར་ལག་བསྟར་བྱེད་པའི་སྲིད་ཇུས་ལག་བསྟར་བྱས་ཤིང་། མུ་མཐུད་དུ་གྲོང་གསེབ་བཏུང་ཆུའི་དཀའ་ཁག་དང་བཏུང་ཆུའི་བདེ་འཇགས་སོགས་ཐག་གཅོད་བྱས་ཏེ། མཐའ་འཁོབ་གྲོང་གསེབ་སྡེ་མི་དག་གིས་བདེ་འཇགས་ཀྱི་ཆུ་བཏུང་བར་འགན་སྲུང་དང་གྲོང་གསེབ་བཏུང་ཆུའི་ཁོར་ཡུག་ལ་སྔར་ལས་ལྷག་པའི་སྒོ་ནས་བཅོས་སྒྱུར་བྱས།

ཙོང་ཁ་ཆུས་ཆུ་བེད་ཅུའུ་འཛུགས་སྐྲུན་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རེན་ཏོའུ་ཁུ་ཞན་གྱིས་ངོ་སྤྲོད་བྱ་རྒྱུར། “ལོ་འདི་དག་གི་རིང་ང་ཚོས་སྟོབས་ཤུགས་གང་ཡོད་སྒོས་གྲོང་གསེབ་བཏུང་ཆུ་སྲ་བརྟན་རིམ་སྤར་གྱི་བཟོ་སྐྲུན་ལག་བསྟར་བྱས་ཤིང་། ཆུ་གསོག་རྫིང་བུར་བཅོས་སྒྱུར་དང་ཆུ་འདྲེན་སྦུ་གུ་རྙིང་བ་གསར་བརྗེ། ཁྲོན་པ་ལ་ཞིབ་བཤེར་བྱེད་པ་བཅས་ཀྱིས་ཆར་ཆུའི་དུས་ཚིགས་ཀྱི་ཆུ་སྤུས་རྙོག་པའི་གནད་དོན་ཐག་གཅོད་བྱས་ཤིང་། རིམ་བཞིན་ཆུ་བཏུང་རྒྱུ་དཀའ་ཁག་ཆེ་བ་ནས་ཆུ་བཏུང་ཐུབ་པར་གྱུར་ལ། དེ་ནས་རིམ་བཞིན་ཆུ་ལེགས་པོ་བཏུང་བ་ལ་རིམ་འགྱུར་བྱུང”ཟེར།

2018ལོ་ནས2020ལོའི་བར་ཙོང་ཁ་ཆུས་ཀྱིས་ལོའུ་ཧྲའར་གྲོང་རྡལ་གྱི་ཧྲིའར། ཝུའུ་ཀྲོང་གོང་མ་གྲོང་རྡལ་གྱི་ན་བཟང་སྡེ་བའི་མི་ཕྱུགས་ཀྱི་བཏུང་ཆུར་བཅོས་སྒྱུར་དང་གྲོང་གསེབ་བཏུང་ཆུ་སྲ་བརྟན་རིམ་སྤར་བཟོ་སྐྲུན་ལག་བསྟར་བྱས་ཤིང་། ཞི་ན་ཁྲོན་ལེབ་མོ་དང་ཡོན་ཀུའུ་ལེབ་མོ། ཞའོ་ནན་ལེབ་མོ། ཞང་ཀུའུ་ཆུ་བེད་བཟོ་སྐྲུན་སོགས་ཁྱོན་བསྡོམས་པས་རིམ་པ15ལག་བསྟར་གྱིས་བཟོ་སྐྲུན་སྤྱིའི་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར1.66བཏང་ཡོད། བཟོ་སྐྲུན་ལག་བསྟར་བྱས་རྗེས་ཆུ་མཁོ་སྤྲོད་ཀྱི་རྒྱུ་སྤུས་དང་འགན་སྲུང་ཚད་གཞི་མཐོར་འདེགས་སུ་བཏང་། ཙོང་ཁ་ཆུས་ཀྱི་སྲིད་འཛིན་སྡེ་བ248གྱི་མི་གྲངས་ཁྲི29.59ལ་བདེ་འཇགས་ཀྱི་ཆུ་བེད་མཁོ་སྤྲོད་མ་ལག་དང་གཙང་སེལ་ནུས་པ་མཐོར་འདེགས་ཀྱིས་མི་རྣམས་ལ་སྤུས་ལེགས་ལོངས་སྤྱོད་དང་ཆུ་བེད་མཁོ་སྤྲོད་ཞབས་ཞུ་བརྟན་འཇགས་སུ་བཏང་ནས། སྡོད་དམངས་ཀྱི་བདེ་ཐང་ཆུ་ཚད་དང་འཚོ་བའི་རྒྱུ་སྤུས་མཐོར་འདེགས་སུ་བཏང་།

ད་ལྟ། ཆུ་བེད་བཟོ་གྲྭར་བཅོས་སྒྱུར་བྱས་རྗེས་ཆུ་བེད་མཁོ་སྤྲོད་སྔར་ལས་བདེ་འཇགས་དང་སྟབས་བདེ། མགྱོགས་མྱུར་སྒོས་ཁྲིན་ཐའེ་པང་གི་ཁྱིམ་ཚང་ནང་བཞིན་ར་སྐོར་དང་འཕྲོད་བསྟེན་ཁང་། ཟ་ཁང་ཚང་མའི་ཆུ་འགོ་དེ་ཙོང་ཁ་ཆུས་ཀྱི་ཞིང་གསེབ་ཁྱིམ་ཚང་གི་ཚད་གཞི་རུ་གྱུར།

2020ལོར་ཙོང་ཁ་ཆུས་ཀྱིས་མ་དངུལ་སྒོར་ཁྲི1600བཏང་ནས་ཐེན་ཅ་ཀྲེ་གྲོང་རྡལ་དུ་ནན་ཁྲོན་ཆུ་མཛོད་སྦུག་ཆུ་གཙང་སྒྱུར་བཟོ་གྲྭ་བཙུགས་པ་དང་དེ་སྲིད་འཛིན་སྡེ་བ17ལ་ཁྱབ་ཡོད་པས། ཁོ་ཚོར་ཁེ་ཕན་མི་དམན་པ་ཐོབ་ཡོད། ཐེན་ཅ་ཀྲེ་གྲོང་རྡལ་གྱི་སྒར་འོག་མའི་སྡེ་བ་དང་པོའི་སྡེ་མི་ཉི་ཧའེ་ཁྲིན་གྱིས་སྤྲོ་བའི་ངང་བཤད་རྒྱུར། ད་ལྟ་རང་ཁྱིམ་དུ་ཆུ་བཀོལ་རྒྱུར་སྟབས་བདེ་པ་མ་ཟད། ཆུའི་སྤུས་ཚད་ཡང་ཧ་ཅང་གཙང་ངེས།

དེ་དང་ཆབས་ཅིག བཏུང་ཆུ་སྲ་བརྟན་རིམ་སྤར་བཟོ་སྐྲུན་གྱི་འཛུགས་སྐྲུན་ཁྲོད། ཙོང་ཁ་ཆུས་ཀྱིས་མུ་མཐུད་དུ་གྲོང་གསེབ་ཀྱི་ཆུ་བེད་མཁོ་སྤྲོད་བྱེད་ཡུལ་ཅུང་ཞན་ས་རུ་ཤུགས་བསྣན་པ་དང་འགུལ་རྣམ་ལྟ་ཞིབ་ཚད་ལེན་གྱིས་དུས་བཀག་ལྟར་ཆུ་འགོ་དང་བཟོ་གྲྭ་ལས་ཐོན་པའི་ཆུ་སྤུས་ཞིབ་བཤེར་མ་དཔེ་བསྡུ་རུབ་ཀྱིས་ཞིབ་དཔྱོད་སྐོར་ཞིབ་བྱ་བ་སྒྲུབ་ནས། གྲོང་གསེབ་ཀྱི་ཆུ་བེད་མཁོ་སྤྲོད་མུ་མཐུད་དུ་མཐོར་འདེགས་སུ་གཏོང་བའི་ཆུ་ཚད་ལ་འགན་སྲུང་བྱས།

ཙོང་ཁ་ཆུས་ཀྱི་ཆུ་བེད་ས་ཚུགས་ཀྱི་འགོ་བ་ལིས་ཀོང་ཧྲིན་གྱིས་བཤད་རྒྱུར། “གྲོང་གསེབ་བཏུང་ཆུའི་བཟོ་སྐྲུན་གྱི་ཆུ་སྤུས་འགྱུར་ལྡོག་ལ་འགུལ་རྣམ་ལྟ་ཞིབ་ཚད་ལེན་བྱ་ཆེད། ང་ཚོས་ཆུ་སྤུས་ལྟ་ཞིབ་ཚད་ལེན་སྤུས་ཚད་ཀུང་ཟི་ལ་མངགས་བཅོལ་གྱིས་ཞི་ན་ཁྲོན་དང་ནན་ཁྲོན་ཆུང་བ་སོགས་ཀྱི་ཆུས་ཧྲིལ་བོའི་ཁྱབ་ཁོངས་སུ་གཅིག་བསྡུས་ཆུ་བེད་མཁོ་སྤྲོད་བཟོ་གྲྭའི་ཆུ་སྤུས་ཀྱི་དྭངས་རྙོག་ཚད་སོགས་དམིགས་ཚད་ལྟ་ཞིབ་ཚད་ལེན་གྱིས་ཆུའི་སྤུས་ཚད་ཀྱི་ལྟ་ཞིབ་ཚད་ལེན་སྙན་ཞུ་དུས་ལྟར་ཆུ་བེད་བཟོ་གྲྭའི་ལག་རྩལ་མི་སྣ་དང་ང་ཚོའི་ཅུའུ་ཡི་འབྲེལ་ཡོད་ཚན་རྩལ་ཁང་ལ་བསྐུར་བ་ཡིན”ཟེར།

ད་ལྟ་ཙོང་ཁ་ཆུས་གྲོང་གསེབ་ཀྱིས་གཅིག་བསྡུས་ཆུ་བེད་མཁོ་སྤྲོད་ཚད་གཞི་དང་སྦུག་ཆུའི་ཡོངས་ཁྱབ་ཚད་གཞི100%ལ་བུད་པ་དང་། ཆུ་བེད་མཁོ་སྤྲོད་འགན་སྲུང་ཚད་གཞི95ཡི་ཡན་ལ་སླེབས། ཆུ་སྤུས་དམིགས་ཚད100%ལ་སླེབས་ཡོད་པས། མང་ཚོགས་ཀྱིས་དམངས་ཚིས་ཆུ་བེད་འཛུགས་སྐྲུན་ཁྲོད་སྔར་མེད་སྐྱིད་སྣང་ཐོབ་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།