ལོ་ངོ11ཕྱིན་འཕྲོར་ཐོག་མའི་འདུན་མ་ལྟར་དུ་ཁོ་ཚོ་ཕ་ཡུལ་སྐྱོབ་ལ་ཆས་པ།

རིག་འཛིན་རྡོ་རྗེས་བཀོད་སྒྲིག་གནས་ཡུལ་དུ་མེ་ཟོན་བདེ་འཇགས་ཤེས་བྱ་དྲིལ་སྒྲོག་བྱེད་བཞིན་པའི་ཚུལ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། “གནས་ཚུལ་དེ་ཐོས་རྗེས་ང་ཧ་ཅང་སྐྲག་པར་གྱུར། ཡུལ་ཤུལ་ས་ཡོམ་སྐབས་ཀྱི་རྣམ་པ་དེ་ཀླད་པའི་ནང་ཡང་དང་བསྐྱར་དུ་དྲན་བྱུང”ཟེར། 2010ལོའི་ཟླ4པའི་ཚེས14ཉིན་ཟི་ལིང་དུ་སློབ་གྲྭར་འགྲོ་བཞིན་པའི་རིག་འཛིན་རྡོ་རྗེས་ཨ་མྱེས་དང་ཨ་ནེ་སོགས་རང་གི་གཉེན་ཉེ6ཡུལ་ཤུལ་ས་ཡོམ་ཁྲོད་རྐྱེན་ལམ་དུ་ཤོར་བའི་གནས་ཚུལ་དེས་སེམས་པ་སྡུག་བསྔལ་གྱིས་ཁེངས་པར་བྱས། ལོ་ངོ11གི་རྗེས་སུ་རྨ་སྟོད་ལ་རིམ་པ7.4ཡི་ས་ཡོམ་བྱུང་བ་ཐོས་པས་ཁོའི་སེམས་ལ་སྡུག་བསྔལ་གྱི་མེ་དཔུང་འཕྱུར། རྨ་སྟོད་ས་ཡོམ་ས་ཁུལ་ལ་མྱུར་སྐྱོབས་དུ་འགྲོ་བའི་ལམ་བར་དུ་ཁོའི་སེམས་ལ་འཚུབ་ཆ་དང་བཅས་གནས་ཚུལ་གསར་པ་དག་ཡང་དང་བསྐྱར་དུ་བཀླགས་བཞིན། སེམས་སུ་ཡུལ་ཤུལ་ས་ཁུལ་དུ་བྱུང་བའི་སྐྱོ་གར་དེ་ལྟ་བུ་ཞིག་མི་འབྱུང་བའི་སྨོན་ལམ་བཏབ།

2010ལོའི་ཟླ4པའི་ཚེས14ཉིན་གྱི་ཆུ་ཚོད7དང་སྐར་མ49ཡི་སྟེང་། མཚོ་སྔོན་ཡུལ་ཤུལ་ལ་རིམ་པ7.1གི་ས་ཡོམ་བྱུང་བ་དང་། ས་ཡོམ་ས་ཁུལ་གྱི་མང་ཚོགས་ཀྱིས་རྒྱལ་ཡོངས་མི་དམངས་ཀྱི་སེམས་འདུན་དང་མཉམ་པོར། ཡུལ་ཤུལ་ས་ཡོམ་ཁྲོད་གཉེན་ཉེ་རྐྱེན་ལམ་དུ་ཤོར་བའི་སྡུག་བསྔལ་མགོར་ཡོང་མྱོང་ལ། གཉེན་ཉེ་དང་ཡུལ་མི་དག་མེ་ཟོན་འཐབ་མོ་བ་དག་གིས་ས་ཕུང་ཁྲོད་ནས་བསྐྱབས་པའི་ངར་ཤུགས་ཡང་ཉམས་སུ་མྱངས་མྱོང་། སྐབས་དེར་རིག་འཛིན་རྡོ་རྗེ་ལ་མེ་ཟོན་འཐབ་མོ་བ་ཞིག་བྱེད་པའི་ཆོད་སེམས་སྐྱེས། སློབ་ཆེན་མཐར་ཕྱིན་རྗེས། ཁོས་བློ་བརྟན་འགྱུར་མེད་ངང་རྒྱལ་ཡོངས་ཀྱི་སྐབས་དང་པོའི་མེ་ཟོན་པ་བསྡུ་པའི་ལས་བསྡུའི་རྒྱུགས་ལེན་ལ་ཞུགས་པ་མ་ཟད། ཟི་ལིང་གྲོང་ཁྱེར་གྱི་མེ་ཟོན་མྱུར་སྐྱོབས་ཡན་ལག་རུ་ཁག་གི་རུ་མི་ཞིག་ཏུ་གྱུར།

2021ལོའི་ཟླ5པའི་ཚེས22ཉིན་གྱི་ཆུ་ཚོད2དང་སྐར་མ04ཡི་སྟེང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རྨ་སྟོད་རྫོང་ལ་རིམ་པ7.4ཅན་གྱི་ས་ཡོམ་བྱུང་རྗེས། རྒྱལ་དམངས་ཡོངས་ཀྱིས་སེམས་ཤུགས་གཅིག་ཏུ་བསྒྲིལ་ནས་གནས་གཅིག་དཀའ་སར་ཕྲད་ན་ཕྱོགས་བཅུས་རོམས་རམ་གནང་བའི་དཔེ་ལྟར། ཟི་ལིང་གྲོང་ཁྱེར་མེ་ཟོན་མྱུར་སྐྱོབས་ཡན་ལག་རུ་ཁག་གིས་ཆེས་ཐོག་མའི་དུས་ཚོད་ནང་ས་ཡོམ་མྱུར་སྐྱོབས་འཕྲད་བསྟུན་གྲ་སྒྲིག་བྱ་བ་འགོ་བརྩམས་ཤིང་། མྱུར་དུ་རུ་དཔུང་བསྡུ་རུབ་སྒོས་ནུས་ཤུགས་གང་ཡོད་ཀྱིས་རིམ་པ་སོ་སོའི་མྱུར་སྐྱོབས་བྱ་བར་གྲ་སྒྲིག་བྱས་ཏེ། རྨ་སྟོད་ལ་མྱུར་སྐྱོབས་བྱེད་དུ་ལམ་ལ་ཆས།

ལམ་ཧྲིལ་བོར་སེམས་ཁྲལ་ཤིག་ཤིག་ཕྱིན། “རྨ་སྟོད་འབྱོར་ཏེ་ས་ས་ཡོམ་གྱི་གནས་ཚུལ་མཐོང་རྗེས་ད་བཟོད་སེམས་པ་བདེ་ལ་བབས་བྱུང”ཟེར། དེ་ཡང་རྨ་སྟོད་ཀྱི་ས་ཡོམ་ལྟེ་བ་དེ་མི་གྲངས་ཅུང་ཉུང་བའི་ས་ཁུལ་དུ་ཁེལ་ཞིང་དེའི་མི་ཚད་ཡོམ་འགུལ་གྱི་གཏིང་ཚད་ཅུང་ཟབ་པས། ས་ངོས་ལ་ལྟོས་བཅོས་ཀྱིས་ཤུགས་རྐྱེན་ཐེབས་པ་ཅུང་ཆུང་། དེའི་ཁར་ཟླ་ལྔ་བ་ནི་ཏག་ཏག་དབྱར་རྩྭ་བརྐོ་པའི་དུས་ཚིགས་ལ་ཁེལ་ཡོད་པས་མི་མང་པོ་ཞིག་རི་ན་ཡོད། ས་ཡོམ་ས་ཁུལ་གྱི་གནས་ཚུལ་མཐོང་རྗེས་རིག་འཛིན་རྡོ་རྗེས་སེམས་བདེར་བབས་ཏེ་དབུགས་རིང་བོ་ཞིག་འབྱིན་རྒྱུ་བྱུང་།

གྲང་ངར་ཆེ་བའི་གནམ་གཤིས་ཀྱིས་མྱུར་སྐྱོབས་རུ་དཔུང་གི་དཔུང་སྐྱོད་གོམ་ཁ་ལྷོད་དུ་འཇུག་མི་སྲིད། རྨ་སྟོད་ཀྱི་ས་ཡོམ་ས་ཁུལ་ལ་འབྱོར་རྗེས། རིག་འཛིན་རྡོ་རྗེ་དང་མེ་ཟོན་རུ་མི་ཡོངས་རྫོགས་ཀྱིས་ངལ་གསོ་ཙམ་ཡང་མ་བྱས་པར་མྱུར་དུ་མྱུར་སྐྱོབས་གཡུལ་སར་ཞུགས།

རིག་འཛིན་རྡོ་རྗེས་གསར་འགོད་པ་ལ་བཤད་རྒྱུར། “ད་ལྟ། ངས་མང་ཚོགས་བཀོད་སྒྲིག་གནས་ཡུལ་གྱི་རིམ་པ་སོ་སོའི་བདེ་འཇགས་འགལ་རྐྱེན་ལ་ལྟ་རྟོག་དང་མང་ཚོགས་ཀྱིས་མེ་སྐྱོན་འབྱུང་བར་ཡིད་འཇོག་བྱེད་པར་གསལ་འདེབས། འབར་སླ་བའི་དངོས་རྫས་ལ་བདག་དོམ་བྱ་རྒྱུར་རོགས་རམ། མང་ཚོགས་ཀྱིས་སྒྲིག་སྲོལ་ཡོད་པའི་སྒོ་ནས་མེ་དང་གློག་བེད་སྤྱོད་བྱེད་པར་མཛུབ་སྟོན་བྱེད་བཞིན་ཡོད་ལ། དཔེར་ན་གློག་ཆས་དང་རླངས་དབུགས་སོགས་སྒྲིག་སྲོལ་ཡོད་པའི་སྒོ་ནས་བེད་སྤྱོད་བྱ་རྒྱུ། མང་ཚོགས་ལ་འཚོ་བའི་ཁྲོད་དཀའ་ཁག་ཅི་ཞིག་ཡོད་པ་དང་དུས་ལྟར་ཁོ་ཚོར་རོགས་རམ་བྱ་རྒྱུ་སོགས་ཡིན”ཟེར། མེ་ཟོན་མི་སྣ་ཞིག་བྱས་ཏེ་ལོ་ངོ་གཅིག་གི་དུས་ཚོད་ནང་རིགས་མི་འདྲ་བའི་མྱུར་སྐྱོབས་ལས་འགན་ཐེངས་མང་པོར་ཞུགས་མྱོང་ལ། ནམ་རྒྱུན་རང་གི་ལས་རིགས་འདིར་སྤྲོ་སྣང་ཡོད་པ་མ་ཟད། ཁོའི་སྐད་ཆ་ལྟར་བཤད་ན། ཏང་གི་དྲིན་ལན་ཡིད་ལ་བཟུང་ནས་ལས་འཁྲི་ལ་བློ་དཀར་དགོས་ཞེས་པ་དེའོ།

རིག་འཛིན་རྡོ་རྗེས་བཤད་རྒྱུར། ཁོ་མ་གཏོགས་ཡན་ལག་མྱུར་སྐྱོབས་རུ་དཔུང་གི་ཁྲོད་ད་རུང་ཡུལ་ཤུལ་ནས་འོངས་བའི་ལས་གྲོགས་གཉིས་ཡོད་ལ། ཁོ་གཉིས་ས་ཡུལ་ཤུལ་ས་ཡོམ་བརྒྱུད་མྱོང་བ། ཐེངས་འདིའི་རྨ་སྟོད་ཀྱི་མྱུར་སྐྱོབས་ལས་འགན་ཁྲོད་ཞུགས་ཡོད་ཟེར།

“ངས་བསམ་ན་རང་ཉིད་ནི་དངོས་གནས་ལས་བསོད་ཅན་ཞིག་རེད། ལོ་ངོ11ཡར་སྔོན་གྱི་ཡུལ་ཤུལ་ས་ཡོམ་ཁྲོད་གསོན་ཐུབ་སོང་། སྐབས་དེར་ཕྱོགས་བཞི་མཚམས་བརྒྱད་ཀྱི་མྱུར་སྐྱོབས་རུ་མི་དག་གི་རོགས་རམ་འོག་ང་ཚོ་དཀའ་ཁག་ལས་ཐར་སོང་། ད་ལྟ། ང་རང་མེ་ཟོན་རུ་མི་ཞིག་ཏུ་གྱུར་ཡོད་པས་རྨ་སྟོད་ལ་རོགས་རམ་བྱེད་མཁན་དུ་གྱུར་ཡོད”ཟེར། སྐད་ཆ་འདི་ནི་ད་ལོ་ལོ23ལ་སོན་པའི་པད་མ་རིག་འཛིན་གྱིས་རྨ་སྟོད་ཀྱི་ས་ཡོམ་མྱུར་སྐྱོབས་ཡུལ་དངོས་སུ་བཤད་པ་རེད།

“པད་མ་རིག་འཛིན་གྱིས་བཤད་རྒྱུར། བཀོད་སྒྲིག་གནས་ཡུལ་ཁྲོད་ཀྱི་མང་ཤོས་ནི་ཡུལ་སྲུང་བགྲེས་པོ་ཡིན་པས། ངས་ཁོ་ཚོར་རོགས་རམ་བྱས་ཏེ་ཆུ་ལེན་པ་སོགས་ཀྱི་ལས་ཀ་སྒྲུབ་ལ། ཁོ་ཚོའི་འདུག་གནས་སོགས་བཀོད་སྒྲིག་ལེགས་པོ་བྱས་ཡོད་པ་མཐོང་རྗེས་ཏང་དང་རྒྱལ་ཁབ་ལ་བཀའ་དྲིན་ཞུ་བའི་སྐད་ཆ་ཐོས་ཤིང་། ས་ཡོམ་རྗེས་སུ་འཇིགས་སྣང་སོགས་མེད་པ་དེས་ངའི་སེམས་བདེར་འབབ་དུ་བཅུག་སོང་། ”ཟེར།

དེ་བཞིན་དུ་གོང་གི་མེ་ཟོན་མི་སྣ་འདི་གཉིས་ཀའི་སེམས་ཁམས་ནང་བཞིན་ཐེངས་འདིའི་རྨ་སྟོད་ཀྱི་མྱུར་སྐྱོབས་ལས་འགན་ལ་ཞུགས་དུ་འོངས་མཁན་ཟི་ལིང་མེ་ཟོན་དམིགས་གསལ་ལས་བརྩོན་རུ་ཆེན་གྱི་མེ་ཟོན་མཁན་སྐལ་ཚེ་རིང་གིས་བཤད་རྒྱུར། “ཡུལ་ཤུལ་ས་ཡོམ་གྱི་སྐབས་སུ་ང་ཚོར་རོགས་མེད་གྲོགས་མེད་ཀྱི་སྐབས་སུ་ད་བཟོད་ས་ཁུལ་སོ་སོའི་མྱུར་སྐྱོབས་རུ་དཔུང་འབྱོར་སྟེ་ང་ཚོར་དྲོད་ཁོལ་གནང་བས་ད་བཟོད་དེ་ནི་འོད་ཟེར་ནང་བཞིན་ང་ཚོ་དྲོད་ཀྱིས་བསྐྱངས་ཡོད”ཟེར།

རྨ་སྟོད་ལ་རིམ་པ7.4ཅན་གྱི་ས་ཡོམ་བྱུང་བ་ཐོས་རྗེས། སྐལ་ཚེ་རིང་གི་སྙིང་ཁ་ནང་དུ་ཐོན་བྱུང་། “དེ་ཡང་རྨ་སྟོད་ཀྱི་གནམ་གཤིས་ཁོར་ཡུག་དང་ཡུལ་ཤུལ་གཉིས་འདྲ་ལ། ས་ཡོམ་གྱི་ཚད་རིམ་ཡང་ཅུང་ཙམ་མཐོ། དེའི་རྐྱེན་གྱིས་ལམ་བར་ཧྲིལ་བོར་སེམས་ཁྲལ་བྱས་པ་ཡིན།” ཟླ5པའི་ཚེས22ཉིན་གྱི་ཆུ་ཚོད15ཡི་སྟེང་དུ་ས་ཡོམ་ས་ཁུལ་དུ་འབྱོར་བ་དང་མང་ཚོགས་དག་སྦྲ་གུར་སྔོན་པོའི་ཁྲོད་བཀོད་སྒྲིག་བྱས་ཡོད་པ་མཐོང་པས་ཁོའི་སེམས་བདེར་འབབ་ཐུབ་སོང་ཟེར།

རྨ་སྟོད་ཀྱི་གནོད་ཐེབས་མང་ཚོགས་ལ་སྦྲ་གུར་ཕུབ་ནས་ནང་དུ་བཀོད་སྒྲིག་བྱས་ཡོད་པ་དང་ཐོན་སྐྱེད་འཚོ་བ་རྒྱུན་ལྡན་ནང་བཞིན་སླར་གསོ་བྱུང་བ་མཐོང་བས། སྐལ་ཚེ་རིང་གི་སེམས་བདེར་བབས་ནས་བཤད་རྒྱུར། ཡུལ་ཤུལ་ས་ཡོམ་ཁྲོད་ང་ཚོ་མྱུར་སྐྱོབས་བྱེད་པ་ནང་བཞིན་རྨ་སྟོད་ས་ཡོམ་ཁྲོད་ཀྱི་མང་ཚོགས་ལ་ཡང་རོགས་རམ་ཐོབ་ཤིང་། ཡུལ་ཤུལ་ས་ཡོམ་གྱི་མྱོང་བརྒྱུད་པ་ང་ལ་མཚོན་ནས་བཤད་ན། མེ་ལྕེ་ཡི་ཁ་དོག་ལྟ་བུའི་ལྭ་བ་འདི་གྱོན་པ་ཡང་སྟོང་ཟད་དུ་བཏང་མེད་ཟེར།

ལོ་ངོ11གི་ཡར་སྔོན་དུ་ཡུལ་ཤུལ་ལ་ས་ཡོམ་བྱུང་སྐབས། རིག་འཛིན་རྡོ་རྗེ་དང་པད་མ་རིག་འཛིན། སྐལ་ཚེ་རིང་བཅས་ནི་ད་རུང་གཉོམ་ལག་རྒྱས་མེད་ལ། གཞན་གྱིས་སྲུང་སྐྱོབ་བྱ་དགོས་པའི་ལོ་ན་བཅུ་གསུམ་ཡས་མས་ཀྱི་ན་ཆུང་བྱིས་པ་སྐོར་ཞིག་གོ །དེ་ཡང་ས་ཡོམ་གྱི་སྡུག་བསྔལ་མྱོང་བརྒྱུད་པ་ཡིན་པའི་ཆ་ནས། མྱུར་སྐྱོབས་མི་སྣའི་རོགས་རམ་རྗེས་ཀྱི་བརྩེ་བ་དྲོན་མོ་ཡང་ཤེས་ཐུབ། ལོ་ངོ11འགོར་བའི་དེ་རིང་། ཁོ་ཚོས་དྲིན་བཟོའི་ཚོར་བ་སེམས་སུ་ཉར་སྟེ་ཕུགས་འདུན་ཁྲོད་ཀྱི་མིག་དཔེ་རུ་གྱུར་ལ། རང་ནུས་གང་ཡོད་ཀྱིས་རྨ་སྟོད་ས་ཡོམ་ཁྲོད་ཀྱི་མང་ཚོགས་ལ་རོགས་རམ་བྱས་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།