ཟི་ལིང་མེ་འཁོར་ས་ཚིགས་ཀྱི་བྲེལ་མྱུར་བརྡ་ཐོ།

2021ལོའི་ཟླ5ཚེས22ཉིན་གྱི་ཞོགས་པའི་ཆུ་ཚོད02དང་སྐར་མ04ཡི་སྟེང་དུ(པེ་ཅིང་གི་དུས་ཚོད)། མགོ་ལོག་ཁུལ་རྨ་སྟོད་རྫོང་ཁོངས(བྱང་གི་འཕྲེད་ཐིག་ཏུའུ344.59དང་ཤར་གྱི་གཞུང་ཐིག་ཏུའུ98.34)སུ་རིམ་པM7.4ཅན་གྱི་ས་ཡོམ་བྱུང་། ས་ཡོམ་གྱི་འབྱུང་ཁུངས་སའི་གཏིང་ཚད་སྤྱི་ལེ17གྱི་མཚམས་རེད་ལ། དེར་མཐུད་དེ་ས་ཡོམ་ཆུང་ངུ་ཐེངས་མང་བྱུང་། མཚོ་བོད་སྡེ་ཤོག་ཀུང་སིའི་དོ་དམ་ཁོངས་གཏོགས་དང་ཆེས་ཉེ་བའི་ཚྭ་ཁ་ས་ཚིགས་ཏེ་ལེ་དབར261གྱི་མཚམས་དང་།  ལན་གྲུ་ནས་ཤིན་ཅང་བར་གྱི་འགྲུལ་སྐྱེལ་མེ་འཁོར་ལས་མཚོ་ཤར་གྱི་ས་ཚིགས་ནུབ་མའི་བར་ཏེ་ལེ་དབར350ཡི་མཚམས་ནི་ས་ཡོམ་གྱི་ལྟེ་བ་རེད

ས་ཡོམ་བྱུང་རྗེས་སུ་ཀྲུང་གོའི་ལྕགས་ལམ་མཚོ་བོད་སྡེ་ཤོག་ཚད་ཡོད་ཀུང་སིས་ལམ་སེང་ལན་གྲུ་ནས་མཚོ་སྔོན་བར་གྱི་ལམ་ཐིག་དང་། མཚོ་སྔོན་ནས་བོད་ལྗོངས་བར་ཀྱི་ལམ་ཐིག་ལས་མཛོ་རྒན་ར་བར་ནས་མཚོ་སྔོན་པོའི་ས་ཚིགས་བར་རྒྱུག་བཞིན་པའི་མེ་འཁོར་ལམ་སེང་གཏོང་མཚམས་འཇོག་དགོས་པ་དང་ཆབས་ཅིག ལམ་བར་གྱི་སྒྲིག་ཆས་དོ་དམ་སྡེ་ཚན་གྱི་ལས་བྱེད་པས་ལན་གྲུ་ནས་མཚོ་སྔོན་བར་གྱི་ལམ་ཐིག་དང་། མཚོ་བོད་ལམ་ཐིག་ལས་མཛོ་རྒན་ར་བར་ནས་མཚོ་སྔོན་པོའི་བར་དང་། ལན་གྲུ་ནས་ཤིན་ཅང་བར་གྱི་འགྲུལ་སྐྱེལ་ལམ་ཐིག་ལས་གཞོང་ཐང་ལྷོ་ནས་ཧའོ་མིན་ཆུས་བར་གྱི་ལམ་ཐིག་ཧྲིལ་བོར་ཞིབ་བཤེར་བྱེད་དགོས་པའི་འཕྲལ་བསྟུན་སྔོན་ཇུས་བཏོན། ཞིབ་བཤེར་བྱས་པ་ན། མཛོ་རྒན་ར་བར་ནས་མཚོ་སྔོན་པོའི་ས་ཚིགས་ཀྱི་ཡར་མར་ལམ་ཐིག་གཉིས་ཀྱི་སྒྲིག་ཆས་སླར་རྒྱུན་ལྡན་དུ་གྱུར་ཡོད་ལ། ལན་གྲུ་ནས་ཤིན་ཅང་བར་གྱི་ཆེད་གཏོང་ལམ་ཐིག་ཡང་འབྲེལ་ཡོད་ཀྱི་གཏན་འབེབས་ལྟར་མྱུར་ཚད་ཚོད་འཛིན་ཐོག་རྒྱུག་ཆོག་པར་བཟོས་ནས་རིམ་བཞིན་རྒྱུན་ལྡན་དུ་འགྱུར་བཞིན་ཡོད།

ཐེངས་འདིའི་ས་ཡོམ་གྱིས་ལན་གྲུ་ནས་ཤིན་ཅང་བར་གྱི་འགྲུལ་སྐྱེལ་ལམ་ཐིག་ལས་མཚོ་སྔོན་གྱི་མཚམས་དང་། ལན་གྲུ་ནས་མཚོ་སྔོན་བར་གྱི་ལམ་ཐིག མཚོ་སྔོན་ནས་བོད་ལྗོངས་བར་བསྐྱོད་པའི་འགྲུལ་སྐྱེལ་མེ་འཁོར་དང་ཟོང་འདྲེན་མེ་འཁོར་ཁག་གི་ཤར་གཏོང་དུས་ཚོད་དལ་འགྱང་བྱེད་དགོས་བྱུང་།

ཀྲུང་གོའི་ལྕགས་ལམ་མཚོ་བོད་སྡེ་ཤོག་ཚད་ཡོད་ཀུང་སིས་འགྲོ་འོང་གི་སྐུ་མགྲོན་རྣམས་ལ། ཁྱེད་ཅག་གིས་མེ་འཁོར་ཤར་གཏོང་གི་དུས་ཚོད་ལ་དུས་ལྟར་དོ་སྣང་བྱ་རྒྱུ་ཧ་ཅང་གལ་ཆེ། གནས་ཚུལ་ཞིབ་ཕྲ་ཤེས་འདོད་ན་མེ་འཁོར་ས་ཚིགས་ཀྱི་སྤྱི་བསྒྲགས་ལ་བལྟ་བའམ་ཡང་ན་ཁ་པར་ཨ་གྲངས12306ལ་འབྲེལ་བ་བྱས་ནས་གནས་ཚུལ་གསལ་འདྲི་བྱས་ཆོག

ཁོན་ཐར་འཚོས་བསྒྱུར།