མྱུར་བགྲོད་འགྲིམ་འགྲུལ་ཉེན་རྟོག་པས་དུས་ཚོད21རིང་འཁོར་བགེགས་བཟོས་རྗེས་བྲོས་བྱོལ་བྱེད་མཁན་ཉེས་ཅན་ཞིག་རྩད་ཆོད་དེ་འཛིན་བཟུང་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིན་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་མྱུར་བགྲོད་གཞུང་ལམ་ཡན་ལག་རུ་ཁག་གིས་དུས་ཡུན་དུས་ཚོད21གི་རིང་། འཁོར་བགེགས་བཟོས་རྗེས་བྲོས་བྱོལ་བྱེད་མཁན་ཉེས་ཅན་ཞིག་རྩད་ཆོད་དེ་འཛིན་བཟུང་བྱས་པ་རེད།

ཟླ5པའི་ཚེས15ཉིན་གྱི་ཆུ་ཚོད18དང་སྐར་མ44ཡི་སྟེང་། G6ཅིན་བོད་མྱུར་བགྲོད་གཞུང་ལམ་གྱི་གཞོང་ཐང་ལམ་གྱི་འཛུལ་སྒོའི་ཉེ་འཁོར་དུ་ཤར་ནས་ནུབ་གྱི་ལམ་སྟེང་དུ་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་ནས་མི་ལ་རྨས་སྐྱོན་ཐེབས། མ་ཟད་དོན་རྐྱེན་བཟོ་མཁན་རླངས་འཁོར་བྲོས་བྱོལ་བྱས། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྤྱི་ཁྱབ་རུ་ཁག་གི་བཀོད་འདོམས་ལྟེ་གནས་ལ་ཉེན་རྟོག་པའི་ཡར་ཞུ་འབྱོར་རྗེས། མྱུར་བགྲོད་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་ལྔ་པའི་ལས་རེས་མི་དམངས་ཉེན་རྟོག་པ་མྱུར་དུ་ཡུལ་དངོས་ལ་སོང་སྟེ་མྱུལ་ཞིབ་བྱས་ནས་བདེན་དཔང་བླངས་པ་མ་ཟད། གྱོད་དོན་ཆེད་སྒྲུབ་ཚན་ཆུང་བཙུགས།

སྐབས་དེའི་དོ་བདག་མི་སྣས་དོན་རྐྱེན་བཟོ་མཁན་རླངས་འཁོར་གྱི་ཨང་བྱང་དང་རླངས་འཁོར་གྱི་རིགས་གང་ཡིན་པ། རླངས་འཁོར་གྱི་ཁ་དོག་སོགས་རིན་ཐང་ཅན་གྱི་གནས་ཚུལ་ཅི་ཡང་གཏན་ཁེལ་ངོས་འཛིན་བྱ་མི་ཐུབ་པས། མི་དམངས་ཉེན་རྟོག་པས་དོན་རྐྱེན་བྱུང་སའི་ཉེ་འཁོར་གྱི་བརྙན་མིག་གནས་ཚུལ་ལ་བལྟས་ན་ཡང་རིན་ཐང་ཅན་གྱི་ཁུངས་སྣེ་ཅི་ཡང་མ་རྙེད་པ་རེད། དེའི་རྐྱེན་གྱིས་གྱོད་དོན་ཆེད་སྒྲུབ་ཚན་ཆུང་གིས་ཉེན་རྟོག་མི་ཤུགས་ཚན་ཆུང4རུ་བགོས་ཏེ། ཁྱོན་ཡོངས་ནས་འགྲིམ་འགྲུལ་དོན་རྐྱེན་བྱ་བར་རྩད་གཅོད་བྱེད་པའི་བྱ་བ་ལེགས་པོར་སྒྲུབ།

གྱོད་དོན་དེར་རྩད་གཅོད་བྱེད་པའི་སྐབས་གྱོད་དོན་ཆེད་སྒྲུབ་ཚན་ཆུང་གི་མི་དམངས་ཉེན་རྟོག་པས་ཟི་ལིང་གྲོང་ཁྱེར་བརྒྱད་གཅིག་ནས་པེ་ཧི་ལམ་རྒྱུད་ཀྱི་རླངས་འཁོར་ཞིག་གསོའི་བཟོ་གྲྭ11དང་། 4Sཚོང་ཁང3ལ་སོང་སྟེ་རྩད་གཅོད་བྱས་ནས་བརྙན་མིག་ཁྲོད་ཀྱི་རླངས་འཁོར1088དང་། དོན་རྐྱེན་བྱུང་སྐབས་ཀྱི་ལམ་དེའི་ཁ་ལོ་བ་སོགས་ལ་རྩད་གཅོད་བྱས། མཇུག་མཐར་ཡུལ་དངོས་སུ་འཐོར་བའི་རླངས་འཁོར་གྱི་ཆག་རོ་གཞིར་བཟུང་སྟེ་གྱོད་དོན་འགན་སྒྲུབ་མི་དམངས་ཉེན་རྟོག་པས་འགྲིམ་འགྲུལ་དོན་རྐྱེན་བཟོས་རྗེས་བྲོས་བྱོལ་བྱེད་མཁན་ནི་སན་ལེན་རྟགས་ཅན་གྱི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་སྐྱ་བོ་ཞིག་ཡིན་པ་ངོས་འཛིན་ཐུབ་སོང་།

ཁུངས་སྣེ་དེ་གཞིར་བཟུང་ནས། གྱོད་དོན་འགན་སྒྲུབ་ཚན་ཆུང་གི་མི་དམངས་ཉེན་རྟོག་པས་ཡང་བསྐྱར་བརྙན་མིག་བརྙན་རིས་ལས་རྩད་གཅོད་བྱ་བ་སྒྲུབ་པ་དང་དོགས་ཡོད་ཉེས་ཅན་རླངས་འཁོར8རྩད་ཆོད་སོང་། ཟླ5པའི་ཚེས16ཉིན་གྱི་དུས་ཚོད16ཡས་མས་སུ་། དུས་ཚོད21ལྷག་གི་རིང་ལ་འབད་བརྩོན་བྱས་པ་བརྒྱུད། གྱོད་དོན་འགན་སྒྲུབ་ཚན་ཆུང་གི་མི་དམངས་ཉེན་རྟོག་པས་ཟི་ལིང་གྲོང་ཁྱེར་ཚྭ་འདམ་ལམ་གྱི་རླངས་འཁོར་ཞིག་གསོ་ཁང་ཞིག་ཏུ། འགྲིམ་འགྲུལ་དོན་རྐྱེན་བཟོས་རྗེས་བྲོས་བྱོལ་བྱས་པའི་དོགས་ཡོད་ཉེས་ཅན་ལིས་ཆེ་གེ་མོ་འཛིན་བཟུང་བྱས་པ་རེད། ད་ལྟ། གྱོད་དོན་དེར་རྟོག་ཞིབ་བྱེད་བཞིན་པའི་སྒང་ཡིན།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།