རྩྭ་ཐང་ནས་འོད་ལས་བྱུང་བའི་འཇིག་རྟེན་ཉམས་སུ་མྱོང་བ——མཚོ་སྔོན་མི་རིགས་སྐད་ཀྱི་གློག་བརྙན་སྒྱུར་སྐྲུན་ལྟེ་གནས་སུ་བཅར་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། གཏམ་རྒྱུད་ཀྱི་བྱུང་རིམ་ཕྲ་ཞིང་ཞིབ་ལ་མི་སྣའི་སྣང་བརྙན་གསོན་ཉམས་དོད་པའི་བརྙན་འཕྲིན་ཟློས་གར《གཙང་པོ་ཆེན་པོ2》ལྟ་བུའི་ཕུལ་བྱུང་བརྙན་འཕྲིན་ཟློས་གར་འདི་ཇི་ལྟར་སྒྱུར་སྐྲུན་བྱས་ན་ད་གཟོད་ཡག་པོ་འཁྱོང་ཐུབ་པ་དེ་ཉེ་ལམ་ཚེ་རིང་དོན་འགྲུབ་ཀྱིས་ཡང་ཡང་བསམ་གཞིགས་གཏང་ཡུལ་ཞིག་ཏུ་གྱུར།

ཚེ་རིང་དོན་འགྲུབ་ནི་མཚོ་སྔོན་མི་རིགས་གློག་བརྙན་སྐད་སྒྱུར་སྒྱུར་སྐྲུན་ལྟེ་གནས་སྒྲིག་སྒྱུར་སྡེ་ཁག་གི་འགོ་གཙོ་ཡིན་ལ། སྒྱུར་སྐྲུན་འཁྲབ་འཁྲིད་པའང་རེད།

མི་རིགས་གྲངས་ཉུང་གི་མི་འབོར་མང་ན་མི་རིགས་དེའི་སྐད་ཆ་བཤད་མཁན་ཡང་མང་པོ་ཡོད་པ་རེད། དེ་བས་མི་འབོར་མང་བའི་མི་རིགས་གྲངས་ཉུང་གིས་གློག་བརྙན་གྱི་ཧ་གོ་ཐུབ་ཅིང་ལེགས་པོ་ཞིག་བལྟ་ཐུབ་པ་དང་། ལྷག་པར་ཚན་རིག་སློབ་གསོ་སྐོར་གྱི་གློག་བརྙན་གྱི་ཧ་གོ་ཐུབ་ཆེད་དང་། ལག་རྩལ་དེ་བྱང་ཆ་ལྡན་པ་ཞིག་ཏུ་སྦྱང་ནས་དབུལ་ཐར་ཕྱུག་འགྱུར་གྱི་ལམ་ཁར་སྔ་མོ་ནས་འདོང་སྟེ། མི་རིགས་ཁག་བར་མཐུན་སྒྲིལ་ཡར་ཐོན་དང་མཉམ་དར་མཉམ་སྤེལ་ཡོང་ཆེད། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་ཚད་མེད་འོག སྤྱི་ལོ1980ལོར་མཚོ་སྔོན་མི་རིགས་སྐད་ཀྱི་གློག་བརྙན་སྒྱུར་སྐྲུན་ལྟེ་གནས་དེ་ཐོག་མར་བཙུགས།

མཚོ་སྔོན་མི་རིགས་སྐད་གློག་བརྙན་སྒྱུར་སྐྲུན་ལྟེ་གནས་ནི་རྒྱལ་ཡོངས་ནས་བཙུགས་པ་ཆེས་སྔ་ཤོས་ཀྱི་ཞིང་ཆེན་རིམ་པའི་མི་རིགས་སྐད་གློག་བརྙན་སྒྱུར་སྐྲུན་ཆེད་གཉེར་ལས་ཁུངས་ཉག་ཅིག་གོ །དེས་ཞིང་ཆེན་ཡོངས་ཀྱི་ཨ་མདོའི་སྐད་ཀྱི་གློག་བརྙན་སྒྱུར་སྐྲུན་གྱི་འགན་འཁྲི་ལྕི་མོ་ཁུར་དུ་བླངས་ཡོད། བོད་སྐད་ལས་ཨ་མདོའི་སྐད་མ་ཟད་ད་དུང་ཞིང་ཆེན་ཕྱི་ནང་གི་མི་རིགས་གྲངས་ཉུང་གཞན་པ་དཔེར་ན་སོག་པོ་དང་། ཧོར། ཟ་ལར། བོད་སྐད་ལས་ཁམས་སྐད་སོགས་ཀྱི་སྐད་སྒྱུར་སྒྱུར་སྐྲུན་གྱི་ལས་འགན་ཡང་ཁག་ཁུར་དུ་བླངས་ཡོད།

དུས་དེ་ནས་བཟུང་། མཚོ་སྔོན་གྱི་ཡངས་པའི་རྩྭ་ཐང་ཆེན་པོའི་གཞིར་བོད་སྐད་སྨྲ་བའི་དཔེ་མཚོན་ཅན་གྱི་གློག་བརྙན་བརྙན་འཕྲིན་གྱི་མི་སྣའི་གཟུགས་བརྙན་ཐོག་མར་བྱུང་ལ། ས་མཐོའི་རི་ཀློང་དུ་ཆགས་པའི་འབྲོག་པ་མང་ཚོགས་ཀྱིས་གློག་བརྙན་ཞེས་མཐོང་མྱོང་མེད་པའི་དངོས་པོ་གསར་པ་འདི་ལ་ངོ་མཚར་དང་བཅས་དང་ལེན་བྱས།

ཚེ་རིང་དོན་འགྲུབ་ཀྱིས“འདི་ནི་གློག་བརྙན་སྒྱུར་སྐྲུན་ཙམ་མ་ཡིན་ཏེ། གདོང་དང་ལུས་ཀྱི་ཉམས་འགྱུར་དེ་སྐད་གདངས་ཀྱི་དྲག་ཞན་ལ་བརྟེན་ཞིང་འབྲེལ་བའི་སྒོ་ནས་འཁྲབ་དགོས་པ་ཡིན”ཟེར། བོད་སྐད་ཀྱི་ཡིག་ཐོག་དང་ངག་ཐོག་ལ་བར་ཁྱད་ཅུང་ཆེ་བས། འཁྲབ་ཚིག་ཁོ་ན་སྒྱུར་བ་ལའང་ངལ་བ་ཆེན་པོ་རྒྱག་དགོས། སྐབས་ལ་ལར་འགྱུར་ལ་གནད་དོན་མེད་ཀྱང་། ཚིག་རིང་དྲགས་ནས་མ་ཡིག་དང་བསྟུན་མི་ཐུབ་པའི་གནས་ཚུལ་འབྱུང་གི་ཡོད་ཟེར།

མཚོ་སྔོན་མི་རིགས་སྐད་ཀྱི་གློག་བརྙན་སྒྱུར་སྐྲུན་ལྟེ་གནས་དེ་སྒྲིག་སྒྱུར་སྡེ་ཁག་དང་། སྐར་སྦྱོར་སྡེ་ཁག ལག་རྩལ་སྡེ་ཁག ཕྱོགས་བསྡུས་སྡེ་ཁག་བཅས་སྡེ་ཁག་བཞི་ཡིས་གྲུབ་ཅིང་། ཆེད་ལས་ལག་རྩལ་པ60ཡོད་ལ། དེ་དག་གིས་རང་རྐྱ་ཕེར་བའི་སྒོ་ནས་ལས་ཀ་སྒྲུབ་ནས་ལོ་ཧྲིལ་པོར་གློག་བརྙན་འཕྲིན་ལེའུ1500ཙམ་སྒྱུར་སྐྲུན་བྱེད་ཀྱི་ཡོད་ཟེར།

ལྟ་ཞིབ་འཁྲབ་ཁང་དུ་ཚེ་རིང་དོན་འགྲུབ་དང་ལས་གྲོགས་གཉིས་ཀྱིས་རྒྱ་སྐད་ཀྱི་མ་ཡིག《གཙང་བོ་ཆེན་པོ2》ལ་ལྟ་བཞིན་འཁྲབ་ཚིག་ལ་གྲ་སྒྲིག་བྱེད་ཀྱི་ཡོད། སྒྱུར་སྐྲུན་པ་ཉུང་ལ་ལས་འགན་ལྕི་བས་སྐད་སྦྱོར་བ་མང་ཤོས་ཀྱིས་ལེའུ་གཅིག་ནང་གློག་བརྙན་ནང་གི་མི་སྣ་དུ་མའི་སྐད་སྦྱོར་དགོས། ཚེ་རིང་དོན་འགྲུབ་ཀྱིས་འཁྲབ་སྟོན་པ་སོ་སོའི་སྐད་གདངས་ལ་གཞིགས་ནས་སྣང་བརྙན་སོ་སོར་དེ་འཚམ་གྱི་སྐད་སྦྱོར་བ་བཀོད་སྒྲིག་རྒྱག་དགོས།

ཚེ་རིང་དོན་འགྲུབ་ཀྱིས་བཤད་རྒྱུར། བརྙན་ངོས་ཀྱི་མི་སྣས་བོད་སྐད་ཀྱི་ལམ་ནས་གོ་བརྡ་སྤྲད་ཚེ། ད་གཟོད་བོད་ཀྱི་ལྟ་མཁན་ཚོ་ལ་མོས་པ་སྐྱེད་ཐུབ་ལ། བརྙན་འཕྲིན་ནང་གཏམ་རྒྱུད་ཀྱི་བྱུང་རིམ་དང་ནང་དོན་ལ་གོ་བ་གསལ་བོར་ལེན་ཐུབ། ཕ་ཡུལ་གྱི་མང་ཚོགས་ཚོས་ཧ་གོ་ན་དེ་ནི་ང་རང་གི་གཟི་བརྗིད་ཅིག་ཏུ་རློམ་ཡོད་ཟེར།

2009ལོ་ནས་བཟུང་། སྒྱུར་སྐྲུན་ལྟེ་གནས་ཀྱི་ལོ་རེར་གཏམ་རྒྱུད་གློག་བརྙན་ཁག50དང་། ཚན་རིག་སློབ་གསོའི་སྐོར་གྱི་གློག་བརྙན་ཁག10སྒྱུར་སྐྲུན་བྱེད་ཐུབ་ཀྱི་ཡོད་ཅིང་། ཟླ་རེར་ཆ་སྙོམས་སུ་གློག་བརྙན་ཁག5ནས6སྒྱུར་སྐྲུན་བྱེད་ཀྱི་ཡོད། 2020ལོའི་བར་དུ། སྤྱི་ཕན་གློག་བརྙན་ཁག600ལྷག་སྒྱུར་སྐྲུན་བྱས། 2016ལོར་ལྟེ་གནས་ལ་རྒྱལ་ཁབ་ཀྱི“མི་རིགས་གྲངས་ཉུང་སྐད་ཀྱི་གློག་བརྙན་སྒྱུར་སྐྲུན་ལ་རོགས་བྱེད་པའི་ལས་གཞི”ཡི་མ་དངུལ་ཁྲི420ཡི་རོགས་དངུལ་གྱི་རྒྱབ་སྐྱོར་ཐོབ།

མཚོ་སྔོན་མི་རིགས་སྐད་ཀྱི་གློག་བརྙན་སྒྱུར་སྐྲུན་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་གཡང་བྷ་ལགས་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། མ་དངུལ་ཀྱི་རྒྱབ་སྐྱོར་ཡོད་ན་མཚོ་སྔོན་མི་རིགས་སྐད་ཀྱི་གློག་བརྙན་སྒྱུར་སྐྲུན་ལྟེ་གནས་ཀྱི་མི་རིགས་སྐད་ཀྱི་སྤྱི་ཕན་གློག་བརྙན་སྒྱུར་སྐྲུན་གྱི་ཕབ་སྐྲུན་ཆུ་ཚད་སྔར་ལས་ཇེ་མཐོར་གཏང་ཐུབ་ཅིང་། གཞི་རིམ་གྱི་མི་རིགས་གྲངས་ཉུང་གི་མང་ཚོགས་ལ་ནང་དོན་དང་རྣམ་པ་སྣ་ཚོགས་པ། གྲངས་ཀ་ཕུན་སུམ་ཚོགས་པའི་གློག་བརྙན་སྒྱུར་སྐྲུན་གྱི་བརྩམས་ཆོས་སྔར་ལས་མང་པོ་འདོན་པར་མུ་མཐུད་ནས་ཤུགས་སྣོན་རྒྱག་ཐུབ་པར་མ་ཟད། མི་རིགས་གྲངས་ཉུང་གི་མང་ཚོགས་ཀྱི་རིམ་པ་མི་འདྲ་བ་དང་། ཁ་ཕྱོགས་མི་འདྲ་བ། རྣམ་པ་མི་འདྲ་བའི་བསམ་པའི་རིག་གནས་ཀྱི་དགོས་མཁོ་ཅི་རིགས་ཀྱང་བསྐང་ཐུབ་པས། མི་རིགས་ས་ཁུལ་གྱི་ཏང་གི་བསམ་བློ་དྲིལ་སྒྲོག་བྱ་བར་སུས་ཀྱང་ཚབ་བྱེད་མི་རུང་བའི་ནུས་པ་གདོན་ཐུབ། སྒྱུར་སྐྲུན་ལྟེ་གནས་ཀྱི་ལས་བྱེད་ལས་བཟོ་པས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་འབེན་ཡིད་ལ་དམ་པོར་བཅངས་སྟེ། དུས་དང་རྣམ་པ་ཀུན་ཏུ་མི་དམངས་ལྟེ་བར་འཛིན་པ་བྱ་བའི་འཁྲིད་སྟོན་དུ་བཟུང་ནས། མི་རིགས་གློག་བརྙན་སྒྱུར་སྐྲུན་བརྒྱུད་དེ་འདུ་ཤེས་འཛིན་སྟངས་ཀྱི་འགོ་ཁྲིད་དབང་ཆ་དང་། དོ་དམ་དབང་ཆ། སྨྲ་བརྗོད་དབང་ཆ་བཅས་ལ་སྟངས་འཛིན་ཡག་པོ་བྱས་ནས། མཚོ་སྔོན་དང་དེའི་མཐའ་འཁོར་དུ་ཆགས་པའི་བོད་ཁུལ་གྱི་ཁུལ་དང་རྫོང་གི་གླེང་ཕྱོགས་ལ་འཁྲིད་སྟོན་གྱི་ནུས་པ་སྔར་བས་ཡག་པོ་གདོན་ཐུབ་པ་ཡིན་ཟེར།

སྒྱུར་སྐྲུན་ལྟེ་གནས་ཀྱིས་མངའ་འོག་གི“མཚོ་སྔོན་དམངས་ཕན་ཞིང་འབྲོག་ཁུལ་དྲ་ལམ་གློག་བརྙན་ཀུང་སི”ཡི་ཁྱད་ཆོས་བེད་སྤྱོད་གང་ལེགས་བྱས་ཏེ། ཨ་མདོའི་སྐད་ཀྱི་སྒྱུར་སྐྲུན་གློག་བརྙན་དེ་མི་རིགས་གྲངས་ཉུང་ས་ཁུལ་དུ་གཏོང་བའི་ཁྱབ་རྒྱ་དང་བརྙན་གཏོང་གི་རྒྱུ་སྤུས་ལ་མུ་མཐུད་དུ་ཤུགས་བསྣན་ནས་སྒྱུར་སྐྲུན་དང་བརྙན་གཏོང་གཞི་གཅིག་ཏུ་དྲིལ་བའི་ཨ་མདོའི་སྐད་ཀྱི་སྒྱུར་སྐྲུན་གློག་བརྙན་གཏོང་སྟངས་ཤིག་གྲུབ་ཡོད་པས། བོད་ཁུལ་གྱི་ས་གནས་མང་ཚོགས་ལ་བདེ་ལ་མྱུར་བའི་ཞབས་ཞུ་སྔར་ལས་ལྷག་པ་འདོན་ཐུབ་ཀྱི་ཡོད། ཉེ་བའི་ལོ་འདི་དག་གི་རིང་། དམངས་ཕན་གློག་བརྙན་ཀུང་སིས་མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཀྱི་གློག་བརྙན་སྒྱུར་སྐྲུན་ལྟེ་གནས་དང་རྒྱལ་ཁབ་ཀྱི་གློག་བརྙན་ལེ་ཚན་དོ་དམ་ལྟེ་གནས་བར་གྱི་འབྲེལ་བ་དང་མཉམ་ལས་ལ་ཤུགས་བསྣན་ཏེ། ལོ་རེར་ལྟེ་གནས་ཀྱིས་སྒྱུར་སྐྲུན་བྱས་པའི་རྒྱལ་ནང་གི་ཕུལ་བྱུང་གློག་བརྙན་སྐོར་ཞིག་མངག་ཉོ་བྱས་ནས་ཞིང་ཆེན་ཡོངས་ཀྱི་བོད་ཁུལ་སོ་སོར་གཏོང་གི་ཡོད་ལ། ལོ་རེར་ཆ་སྙོམས་སུ་ཐེངས་ཁྲི1ཡས་མས་བསྟན་པར་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ།

རྒྱུས་ལོན་བྱས་པ་ལྟར་ན། ལྟེ་གནས་ཀྱི་སྒྱུར་སྐྲུན་གློག་བརྙན་ནི་ཨ་མདོའི་སྐད་གཙོར་བྱས་ཡོད་པས། མཚོ་སྔོན་དང་ཐ་ན་ཞིང་ཆེན་ཉེ་འཁོར་གྱི་བོད་རིགས་མང་ཚོགས་ཀྱི་སྐད་བརྡ་མི་འཕྲོད་པ་དང་། གློག་བརྙན་ལ་གོ་བ་ལེན་དཀའ་བ་སོགས་གློག་བརྙན་བརྙན་འཕྲིན་གྱི་སློབ་གསོ་མྱོང་མི་ཐུབ་པའི་དཀའ་ངལ་དུ་མ་སེལ་ཡོད། གློག་བརྙན་དེ་དག་མཚོ་སྔོན་ཞིང་ཆེན་གྱི་བོད་རིགས་ས་ཁུལ་དང་ཉེ་འཁོར་གྱི་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་དང་། སི་ཁྲོན་ཞིང་ཆེན་གྱི་རྔ་བ་ཁུལ། དཀར་མཛེས་ཁུལ་སོགས་ཨམ་སྐད་སྤྱོད་པའི་ས་ཁུལ་དང་རྫོང་སོགས་སའི་ཁྱོན་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ཁྲི140ལ་ཁེབས་པ་དང་། བོད་རིགས་མང་ཚོགས་ཁྲི300ཡིས་བལྟ་ཐུབ་ཀྱི་ཡོད་པ་རེད།

སྒྱུར་སྐྲུན་ལྟེ་གནས་ཀྱིས་ད་དུང་མཚོ་སྔོན་ཞིང་ཆེན་ཨ་མདོའི་བརྙན་འཕྲིན་ཁང་དུ“གཟའ་མཇུག་གི་གློག་བརྙན”ཆེད་སྒྲིག་སྤེལ་ཡོད་ལ། ལྟེ་གནས་ཀྱིས་གློག་བརྙན་འདོན་སྤྲོད་བྱེད་ཀྱི་ཡོད། ཉེ་བའི་ལོ་རིང་ལ། ལྟེ་གནས་ཀྱིས་སྒྱུར་སྐྲུན་བྱས་པའི《ང་དང་ངའི་མེས་རྒྱལ》།《ང་ཡི་རྒྱལ་ཁབ་ཟིལ་ཤུགས་ཆེ》།《མཚོ་དམར་འགུལ་སྐྱོད》སོགས་གློག་བརྙན་གལ་ཆེན་དག་ཨ་མདོ་བརྙན་འཕྲིན་གྱི“གཟའ་མཇུག་གི་གློག་བརྙན”ལེ་ཚན་དུ་བཏང་རྗེས། ཞིང་འབྲོག་མང་ཚོགས་ཀྱིས་ཁྱིམ་དུ་ཕ་སྐད་གཙང་མའི་གློག་བརྙན་ལྟ་ཐུབ་པ་བྱུང་ནས་དགའ་བསུ་ཆེན་པོ་ཐོབ།

ལྟེ་གནས་དེ་ལ་སྔ་གཞུག་ཏུ་རྒྱལ་སྲིད་སྤྱི་ཁྱབ་དང་། རིག་གནས་པུའུ། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན། དེ་མིན་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་སོགས་ཀྱིས“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཐུན་མོང་།”དང“གློག་བརྙན་འཐབ་ཕྱོགས་ཀྱི་དཔལ་ཡོན་ལས་ཁུངས། ”“ཞིང་ཆེན་ཡོངས་ཀྱི་གློག་བརྙན་འགྲེམ་གཏོང་ལས་ཁུངས་ཁྲོད་ཀྱི་དཔལ་ཡོན་ལས་ཁུངས། ”“སྔོན་ཐོན་རིག་གནས་གཉེར་སྐྱོང་ལས་ཁུངས། ”“ཞིང་ཆེན་རིམ་པའི་དཔལ་ཡོན་ལས་ཁུངས། ”“བསམ་བློ་རིག་གནས་དྲིལ་སྒྲོག་གི་སྔོན་ཐོན་ལས་ཁུངས། ”“མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་སྔོན་ཐོན་ཐུན་མོང་། ”“མཐོ་སྒང་ན་གཞོན་དཔལ་ཡོན་ཨང་རྟགས”“དུས་བདེ་ལས་ཁུངས”སོགས་ཀྱི་མཚན་སྙན་བསྒྲོན་ཡོད་པ་རེད། །

ཁོན་ཐར་འཚོས་བསྒྱུར།