དམངས་དོན་ཁྲིམས་གཞུང་གི་ལེའུ་གསུམ་པ། ཁྲིམས་མི།

ལེའུ་གསུམ་པ། ཁྲིམས་མི།

ས་བཅད་དང་པོ། སྤྱིར་བཏང་གི་གཏན་འཁེལ།

དོན་ཚན་ང་བདུན་པ། 【ཁྲིམས་མིའི་མཚན་ཉིད】ཁྲིམས་མི་ནི་རང་ཚུགས་ཀྱིས་དམངས་དོན་དབང་ཆ་དང་དམངས་དོན་བྱ་སྤྱོད་སྤེལ་ནུས་ལྡན་ལ་བཅའ་ཁྲིམས་ལྟར་དམངས་དོན་ཁེ་དབང་དང་དམངས་དོན་འོས་འགན་འཁུར་བའི་རྩ་འཛུགས་ཤིག་ཡིན།

དོན་ཚན་ང་བརྒྱད་པ། 【ཁྲིམས་མི་གྲུབ་པའི་ཆ་རྐྱེན】ཁྲིམས་མི་དེ་ཁྲིམས་ལྟར་འཛུགས་དགོས། ཁྲིམས་མི་ལ་རང་ཉིད་ཀྱི་མིང་བྱང་དང་རྩ་འཛུགས་ལས་ཁུངས། སྡོད་གནས། རྒྱུ་ནོར་རམ་ཡང་ན་གྲོན་དངུལ་བཅས་ལྡན་དགོས། ཁྲིམས་མི་གྲུབ་པའི་ཆ་རྐྱེན་དང་གོ་རིམ་ནི་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འཁེལ་ལྟར་བྱ་དགོས།

ཁྲིམས་མི་འཛུགས་དུས་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་གཏན་ལ་ཕབ་པའི་འབྲེལ་ཡོད་ལས་ཁུངས་ཀྱིས་ཆོག་མཆན་ཐོབ་དགོས་པར་གཏན་འཁེལ་བྱས་ཡོད་ན་དེ་ལྟར་བྱ་དགོས།

དོན་ཚན་ང་དགུ་པ། 【ཁྲིམས་མིའི་དམངས་དོན་ཁེ་དབང་གི་ནུས་པ་དང་དམངས་དོན་བྱ་སྤྱོད་སྤེལ་ནུས】ཁྲིམས་མིའི་དམངས་དོན་ཁེ་དབང་གི་ནུས་པ་དང་དམངས་དོན་གྱི་བྱ་སྤྱོད་སྤེལ་ནུས་དེ་ཁྲིམས་མི་བཙུགས་པའི་སྐབས་སུ་བྱུང་བ་དང་ཁྲིམས་མི་མེད་པར་གྱུར་བ་ནས་ཉམས་པ་ཡིན།

དོན་ཚན་དྲུག་ཅུ་པ། 【ཁྲིམས་མིའི་དམངས་དོན་འགན་འཁྲི】ཁྲིམས་མིས་རང་གི་རྒྱུ་ནོར་ཡོད་ཚད་ལ་བརྟེན་ནས་རང་ཚུགས་ཀྱིས་དམངས་དོན་འགན་འཁྲི་འཁུར་དགོས།

དོན་ཚན་རེ་གཅིག་པ། 【ཁྲིམས་བཀོད་འཐུས་ཚབ་པའི་མཚན་ཉིད་དང་དེའི་བྱ་སྤྱོད་ཀྱི་བཅའ་ཁྲིམས་མཇུག་འབྲས】བཅའ་ཁྲིམས་སམ་ཡང་ན་ཁྲིམས་མིའི་སྒྲིག་ཡིག་གི་གཏན་འཁེལ་ལྟར་ཁྲིམས་མིའི་ཚབ་བྱས་ཏེ་དམངས་དོན་བྱེད་སྒོ་སྤེལ་མཁན་གྱི་འགན་འཁུར་པ་དེ་ཁྲིམས་མིའི་ཁྲིམས་བཀོད་འཐུས་ཚབ་པ་ཡིན།

ཁྲིམས་བཀོད་འཐུས་ཚབ་པས་ཁྲིམས་མིའི་མིང་ཐོག་ནས་དམངས་དོན་བྱེད་སྒོ་སྤེལ་ན་དེའི་བཅའ་ཁྲིམས་ཀྱི་མཇུག་འབྲས་ཁྲིམས་མིས་འཁུར་དགོས།

ཁྲིམས་མིའི་སྒྲིག་ཡིག་གམ་ཡང་ན་ཁྲིམས་མིའི་དབང་ཤུགས་ལས་ཁུངས་ཀྱིས་ཁྲིམས་བཀོད་འཐུས་ཚབ་པའི་དབང་ཆར་ཚོད་འཛིན་བྱས་པ་དེས་ལྟོས་བཅས་མི་ལ་འགྲན་རྒོལ་བྱས་མི་ཆོག

དོན་ཚན་རེ་གཉིས་པ། 【ཁྲིམས་བཀོད་འཐུས་ཚབ་པས་ལས་འགན་བསྒྲུབས་ནས་གཞན་ལ་གནོད་སྐྱོན་བཟོས་པའི་འགན་འཁྲི】ཁྲིམས་བཀོད་འཐུས་ཚབ་པས་ལས་འགན་སྒྲུབ་པའི་དབང་གིས་གཞན་ལ་གནོད་སྐྱོན་བཟོས་པ་ཡིན་ན་ཁྲིམས་མིས་དམངས་དོན་འགན་འཁྲི་འཁུར་དགོས།

ཁྲིམས་མིས་དམངས་དོན་འགན་འཁྲི་འཁུར་རྗེས་བཅའ་ཁྲིམས་སམ་ཡང་ན་ཁྲིམས་མིའི་སྒྲིག་ཡིག་གི་གཏན་འཁེལ་ལྟར་ནོར་འཛོལ་ཡོད་པའི་ཁྲིམས་བཀོད་འཐུས་ཚབ་པར་སྐྱིན་ཚབ་བདའ་འདེད་བྱས་ཆོག

དོན་ཚན་རེ་གསུམ་པ། 【ཁྲིམས་མིའི་སྡོད་གནས】ཁྲིམས་མིས་རང་ཉིད་ཀྱི་ལས་ཁུངས་གཙོ་བོ་གནས་ས་དེ་སྡོད་གནས་སུ་བྱེད་པ་དང་། ཁྲིམས་ལྟར་ཁྲིམས་མི་ཐོ་འགོད་བྱ་དགོས་ན་ལས་ཁུངས་གཙོ་བོ་གནས་ས་དེ་སྡོད་གནས་སུ་ཐོ་འགོད་བྱ་དགོས།

དོན་ཚན་རེ་བཞི་པ། 【ཁྲིམས་མིའི་ཐོ་འགོད་བཟོ་བཅོས】ཁྲིམས་མི་གནས་པའི་རིང་ཐོ་འགོད་བྱས་པའི་དོན་དག་ལ་འགྱུར་བ་བྱུང་ན་ངེས་པར་ཐོ་འགོད་ལས་ཁུངས་ལ་རེ་ཞུ་བཏོན་ནས་ཐོ་འགོད་བཟོ་བཅོས་བྱ་དགོས།

དོན་ཚན་རེ་ལྔ་པ། 【ཁྲིམས་མིའི་གནས་ཚུལ་དངོས་དང་ཐོ་འགོད་བྱས་པའི་གནས་ཚུལ་གཅིག་མཐུན་མིན་པའི་བཅའ་ཁྲིམས་ཀྱི་མཇུག་འབྲས】ཁྲིམས་མིའི་གནས་ཚུལ་དངོས་དང་ཐོ་འགོད་བྱས་པའི་གནས་ཚུལ་གཅིག་མཐུན་མིན་ན་ལྟོས་བཅས་མི་ལ་འགྲན་རྒོལ་བྱེད་མི་ཆོག

དོན་ཚན་རེ་དྲུག་པ། 【ཐོ་འགོད་ཆ་འཕྲིན་ཡོངས་བསྒྲགས】ཐོ་འགོད་ལས་ཁུངས་ཀྱིས་ཁྲིམས་ལྟར་དུས་ཐོག་ཏུ་ཁྲིམས་མིའི་ཐོ་འགོད་བྱས་པའི་འབྲེལ་ཡོད་ཆ་འཕྲིན་ཡོངས་བསྒྲགས་བྱ་དགོས།

དོན་ཚན་རེ་བདུན་པ། 【ཁྲིམས་མི་མཉམ་སྒྲིལ་དང་སོ་སོར་གྱེས་རྗེས་ཁེ་དབང་དང་འོས་འགན་གྱི་ལོངས་སྤྱོད་དང་འགན་འཁྲི】ཁྲིམས་མི་མཉམ་སྒྲིལ་བྱས་པ་དག་གི་ཁེ་དབང་དང་འོས་འགན་ནི་མཉམ་སྒྲིལ་བཏང་རྗེས་ཀྱི་ཁྲིམས་མིས་ལོངས་སུ་སྤྱོད་པ་དང་འགན་འཁུར་དགོས།

ཁྲིམས་མི་སོ་སོར་གྱེས་པ་དག་གི་ཁེ་དབང་དང་འོས་འགན་ནི་སོ་སོར་གྱེས་རྗེས་ཀྱི་ཁྲིམས་མི་བར་ཞོར་འབྲེལ་བུན་དབང་ཡོད་ལ་ཞོར་འབྲེལ་བུན་འགན་ཡང་འཁུར་དགོས། འོན་ཀྱང་བུན་བདག་དང་བུན་འགན་འཇལ་མཁན་བར་ཁ་ཆད་གཞན་བཞག་ཡོད་པ་ཕུད།

དོན་ཚན་རེ་བརྒྱད་པ། 【ཁྲིམས་མི་མཚམས་འཇོག་བའི་རྒྱུ་རྐྱེན】གཤམ་གསལ་རྒྱུ་རྐྱེན་ལས་རིགས་གཅིག་ཡོད་པར་མ་ཟད་བཅའ་ཁྲིམས་ལྟར་ཞིབ་རྩིས་བརྒྱབ་སྟེ་ཐོ་ཁོངས་ནས་གསུབ་རྒྱུའི་ཐོ་འགོད་བྱས་པ་ཡིན་ན་ཁྲིམས་མི་མཚམས་འཇོག་དགོས་ཏེ།

(གཅིག) ཁྲིམས་མི་ཁ་ཐོར་བ།

(གཉིས) ཁྲིམས་མི་བུན་སྟོངས་ཁྱབ་སྒྲོག་བྱས་པ།

(གསུམ) བཅའ་ཁྲིམས་ཀྱིས་གཏན་ལ་ཕབ་པའི་རྒྱུ་རྐྱེན་གཞན་དག་བཅས་ཡིན།

ཁྲིམས་མི་མཚམས་འཇོག་ན་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་གཏན་ལ་ཕབ་པའི་འབྲེལ་ཡོད་ལས་ཁུངས་ཀྱི་ཆོག་མཆན་ཐོབ་དགོས་པར་གཏན་འཁེལ་བྱས་ཡོད་ན་དེ་ལྟར་བྱ་དགོས།

དོན་ཚན་རེ་དགུ་པ། 【ཁྲིམས་མི་ཁ་ཐོར་བའི་གནས་ཚུལ】གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན་ཁྲིམས་མི་ཁ་ཐོར་བྱ་དགོས་ཏེ།

(གཅིག) ཁྲིམས་མིའི་སྒྲིག་ཡིག་ནང་གཏན་ལ་ཕབ་པའི་རྒྱུན་སྲིང་གི་དུས་ཚོད་ལོན་པའམ་ཡང་ན་ཁྲིམས་མིའི་སྒྲིག་ཡིག་ནང་གཏན་ལ་ཕབ་པའི་ཁ་གཏོར་བའི་རྒྱུ་མཚན་གཞན་དག་བྱུང་བ།

(གཉིས) ཁྲིམས་མིའི་དབང་ཤུགས་ལས་ཁུངས་ཀྱི་གྲོས་ཆོད་ལྟར་ཁ་ཐོར་དུ་བཅུག་པ།

(གསུམ) ཁྲིམས་མི་མཉམ་སྒྲིལ་ལམ་ཡང་ན་སོ་སོར་གྱེས་པའི་དབང་གིས་ཁ་འཐོར་བ།

(བཞི) ཁྲིམས་ལྟར་ཁྲིམས་མིའི་ཚོང་གཉེར་ལག་ཁྱེར་དང་ཐོ་འགོད་ལག་ཁྱེར་རྩིས་མེད་དུ་བཏང་སྟེ། སྒོ་རྒྱག་ཏུ་བཅུག་པ་ཡང་ན་ཕྱིར་འཐེན་བྱས་པ།

(ལྔ) བཅའ་ཁྲིམས་ནང་གཏན་ལ་ཕབ་པའི་གནས་ཚུལ་གཞན་དག་བཅས་ཡིན།

དོན་ཚན་བདུན་ཅུ་པ། 【ཁྲིམས་མི་ཁ་ཐོར་རྗེས་ཀྱི་ཞིབ་རྩིས】ཁྲིམས་མི་མཉམ་སྒྲིལ་ལམ་སོ་སོར་གྱེས་པའི་དབང་གིས་ཁ་འཐོར་བཏང་བ་ཕུད། ཞིབ་རྩིས་འོས་འགན་འཁུར་མཁན་གྱིས་དུས་ཐོག་ཏུ་ཞིབ་རྩིས་ཚོགས་པ་བཙུགས་ནས་ཞིབ་རྩིས་རྒྱག་དགོས།

ཁྲིམས་མིའི་ལས་འཛིན་པ་དང་། ལས་འཛིན་ལས་ཁུངས་སམ་ཡང་ན་ཇུས་ཐག་གཅོད་པའི་ལས་ཁུངས་ཀྱི་ཁོངས་མིས་ཞིབ་རྩིས་འོས་འགན་འཁུར་དགོས་ལ། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་གཏན་འཁེལ་གཞན་དག་བྱས་ཡོད་ན་དེ་ལྟར་བྱ་དགོས།

ཞིབ་རྩིས་འོས་འགན་འཁུར་མཁན་གྱིས་ཞིབ་རྩིས་རྒྱག་པའི་འོས་འགན་དུས་ཐོག་ཏུ་མ་བསྒྲུབ་པར་གྱོང་གུད་བཟོས་ན་དམངས་དོན་འགན་འཁྲི་འཁུར་དགོས། གཙོ་གཉེར་ལས་ཁུངས་སམ་ཡང་ན་ཕན་གནོད་འབྲེལ་མིས་མི་དམངས་ཁྲིམས་ཁང་ལ་འབྲེལ་ཡོད་མི་སྣ་དམིགས་འཛུགས་བྱས་ནས་ཞིབ་རྩིས་ཆོགས་པ་བཙུགས་ཏེ་ཞིབ་རྩིས་རྒྱག་རྒྱུར་རེ་འདུན་ཞུས་ཆོག

དོན་ཚན་དོན་གཅིག་པ། 【ཞིབ་རྩིས་ལ་སྤྱོད་པའི་བཅའ་ཁྲིམས་ཀྱི་གཞི་འཛིན་ས】ཁྲིམས་མིའི་ཞིབ་རྩིས་གོ་རིམ་དང་ཞིབ་རྩིས་ཚོགས་པའི་འགན་དབང་ནི་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་ཡིན་ལ། གཏན་འཁེལ་བྱས་མེད་ན་ཀུང་སིས་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འཁེལ་གཞིར་བཟུང་ཆོག

དོན་ཚན་དོན་གཉིས་པ། 【ཞིབ་རྩིས་ཁྲོད་ཁྲིམས་མིའི་གོ་གནས་དང་ཞིབ་རྩིས་བརྒྱབ་རྗེས་ལྷག་པའི་རྒྱུ་ནོར་ཐག་གཅོད་དང་ཁྲིམས་མི་མཚམས་འཇོག】ཞིབ་རྩིས་རྒྱག་སྐབས་ཁྲིམས་མི་གནས་པའི་རུང་ལ་ཞིབ་རྩིས་དང་འབྲེལ་བ་མེད་པའི་བྱེད་སྒོ་སྤེལ་མི་ཆོག

ཁྲིམས་མི་ཞིབ་རྩིས་བརྒྱབ་རྗེས་ཀྱི་རྒྱུ་ནོར་ལྷག་མ་དེ་ཁྲིམས་མིའི་སྒྲིག་ཡིག་གི་གཏན་འཁེལ་ལམ་ཡང་ན་ཁྲིམས་མིའི་དབང་ཤུགས་ལས་ཁུངས་ཀྱི་གྲོས་ཆོད་ལྟར་ཐག་གཅོད་བྱ་དགོས་ལ། བཅའ་ཁྲིམས་ནང་གཏན་འཁེལ་གཞན་ཡོད་ན་དེ་ལྟར་བྱ་དགོས།

ཞིབ་རྩིས་མཚམས་བཞག་ནས་ཁྲིམས་མི་ཐོ་ཁོངས་ནས་གསུབ་པ་ཐོ་འགོད་བྱས་རྗེས་ཁྲིམས་མི་མཚམས་འཇོག་བ་དང་། ཁྲིམས་ལྟར་ཁྲིམས་མི་ཐོ་འགོད་སྤེལ་མི་དགོས་ན་ཞིབ་རྩིས་མཚམས་འཇོག་སྐབས་ཁྲིམས་མི་མཚམས་འཇོག་བ་ཡིན།

དོན་ཚན་དོན་གསུམ་པ། 【ཁྲིམས་མི་བུན་སྟོངས】ཁྲིམས་མི་བུན་སྟོངས་ཁྱབ་སྒྲོག་བྱས་པའི་རིགས་ནི་ཁྲིམས་ལྟར་བུན་སྟོངས་ཞིབ་རྩིས་བརྒྱབ་ནས་ཐོ་ཁོངས་ནས་གསུབ་པ་ཐོ་འགོད་བྱེད་དུས་ཁྲིམས་མི་མཚམས་འཇོག་བ་ཡིན།

དོན་ཚན་དོན་བཞི་པ། 【ཁྲིམས་མིའི་ཡན་ལག་ལས་ཁུངས་དང་དེའི་འགན་འཁྲི】ཁྲིམས་མིས་བཅའ་ཁྲིམས་ལྟར་ཡན་ལག་ལས་ཁུངས་བཙུགས་ཆོག་ལ། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་ཡན་ལག་ལས་ཁུངས་ཀྱིས་ཐོ་འགོད་བྱ་དགོས་པའི་གཏན་འཁེལ་ཡོད་ན་གཏན་འཁེལ་དེ་ལྟར་བྱ་དགོས།

ཡན་ལག་ལས་ཁུངས་ཀྱིས་རང་གི་མིང་ཐོག་ནས་དམངས་དོན་བྱེད་སྒོ་སྤེལ་བ་དང་དེ་ལས་བྱུང་བའི་དམངས་དོན་འགན་འཁྲི་དེ་ཁྲིམས་མིས་འགན་འཁུར་དགོས། ཡང་ན་ཐོག་མར་ཡན་ལག་ལས་ཁུངས་དེས་དོ་དམ་བྱེད་པའི་རྒྱུ་ནོར་གྱིས་འགན་འཁུར་རྗེས་དང་མི་འདང་བའི་ཆ་དེ་ཁྲིམས་མིས་འགན་འཁུར་དགོས།

དོན་ཚན་དོན་ལྔ་པ། 【ཁྲིམས་མི་བཙུགས་པའི་བྱ་སྤྱོད་ཀྱི་བཅའ་ཁྲིམས་མཇུག་འབྲས】གསར་འཛུགས་པས་ཁྲིམས་མི་འཛུགས་ཆེད་སྤེལ་བའི་དམངས་དོན་བྱེད་སྒོའི་བཅའ་ཁྲིམས་ཀྱི་མཇུག་འབྲས་ནི་ཁྲིམས་མིས་འཁུར་དགོས་ལ། ཁྲིམས་མི་འཛུགས་མ་ཐུབ་ན་དེའི་ཁྲིམས་ཀྱི་མཇུག་འབྲས་ནི་གསར་འཛུགས་པས་འཁུར་དགོས། གསར་འཛུགས་པ་མི་གཉིས་ཡན་ཡིན་ན་ཞོར་འབྲེལ་གྱི་བུན་དབང་ཡོད་ཅིང་ཞོར་འབྲེལ་གྱི་བུན་འགན་འཁུར་དགོས།

གསར་འཛུགས་པས་ཁྲིམས་མི་འཛུགས་ཆེད་རང་ཉིད་ཀྱི་མིང་ཐོག་ནས་དམངས་དོན་བྱེད་སྒོ་སྤེལ་བ་ལས་བྱུང་བའི་དམངས་དོན་འགན་འཁྲི་ལ་མི་གསུམ་པས་ཁྲིམས་མི་ནམ་ཡང་ན་གསར་འཛུགས་པ་གང་རུང་བདམས་ཏེ་འགན་འཁུར་བའི་རེ་འདུན་ཞུས་ཆོག །