ཚེ་རིང་ཐར་གྱིས་ཞིང་གསུམ་བྱ་བར་རྟོག་ཞིབ་བྱས།

ཉེ་ཆར། ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་སྔ་གཞུག་ཏུ་ཞིང་ཆེན་ཆུ་བེད་ཐིན་དང་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། ཞིང་ཆེན་དབུལ་སྐྱོར་ཅུའུ། ཞིང་ཆེན་མཁོ་འཚོང་མཉམ་འབྲེལ་ཁང་། ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཅུའུ་དང་འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པ། ལ་ཟེ་བའི་ཆུ་རྐ་ལྷོ་མ། རྨ་ཆུ་ཟི་ལིང་དུ་འདྲེན་པའི་བཟོ་སྐྲུན་ལམ་རྒྱུད་སོགས་སུ་བསྐྱོད་དེ་རྟོག་ཞིབ་བྱ་བ་སྤེལ།

ཚེ་རིང་ཐར་གྱིས་ནན་གྱིས་བསྟན་དོན། ཞིང་གསུམ་ཁྱབ་ཁོངས་ཀྱི་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་དང་། ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས། མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གནང་བའི་གསུངས་བཤད་གལ་ཆེན་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། འཕེལ་རྒྱས་ཀྱི་དུས་རིམ་ནང་ཞིང་གསུམ་བྱ་བ་ཡག་པོ་སྒྲུབ་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། ཆད་ལུས་མེད་པར་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་ཞིང་གསུམ་བྱ་བའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་པ་དང་། ལྷོད་གཡེང་སྤུ་ཙམ་ཡང་བྱེད་མི་རུང་བར་ངེས་པར་དུ་དམ་འཛིན་ཡག་པོ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་ས་ཁུལ་བཞི་འཛུགས་སྐྲུན་བྱ་རྒྱུའི་སྐོར་གྱི་བླང་བྱ་གལ་ཆེན་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་དང་དཔེ་སྟོན་ཞིང་ཆེན་ལྔའི་འཛུགས་སྐྲུན་ལ་དམ་པོར་དམིགས་ནས་ཁྱབ་ཁོངས་སོ་སོའི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་མགྱོགས་མྱུར་ངང་ལག་བསྟར་བྱེད་པ་དང་། གཙོ་གནད་ལས་དོན་ཁག་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ནས་འགོ་ཡག་པོ་ཞིག་འཛུགས་རྒྱུ་དང་གོམ་སྟབས་བརྟན་པོ་སྤོ་རྒྱུར་འགན་ལེན་བྱེད་དགོས། ཐོན་སྐྱེད་དམ་འཛིན་དང་མ་དངུལ་འཇོག་རྒྱ་ཆེ་རུ་གཏོང་བ། འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་དུས་ཚིགས་བཟང་པོར་དམ་པོར་དམིགས་ནས་གཙོ་གནད་རྣམ་གྲངས་དང་འཛུགས་སྐྲུན་གལ་ཆེན་མགྱོགས་མྱུར་ངང་ལག་བསྟར་བྱེད་པ། ལས་ཡུན་བརྩོན་ལེན་དང་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ། དམིགས་ཚད་ལ་འགན་ལེན་བྱེད་པ། ཞིང་གསུམགྱི་ཞན་ཆ་གསབ་པ་དང་ཞིང་གསུམ་གྱི་རྨང་གཞི་ཇེ་བརྟན་དུ་བཏང་སྟེ་འབྲུ་རིགས་ཐོན་སྐྱེད་དང་གལ་ཆེའི་ཞིང་ཞོར་ཐོན་རྫས་ནུས་ལྡན་ངང་མཁོ་སྤྲོད་ཐུབ་པར་འགན་ལེན་བྱེད་པ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། གྲོང་གསེབ་དར་རྒྱས་ལག་བསྟར་བྱས་ཏེ་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་བ། ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་དུ་འགྱུར་བའི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བ། ཞིང་འབྲོག་ལས་ཀྱི་སྤུས་ཚད་མཐོ་བ་དང་ཕན་འབྲས་ཆེ་བ་དང་། རོང་འབྲོག་མང་ཚོགས་ཕྱུག་པོ་ཆགས་རྒྱུར་སྐུལ་འདེད་གཏོང་དགོས་ཟེར།

ཚེ་རིང་ཐར་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་བཟོ་སྐྲུན་ཡུལ་དངོས་སུ་འབད་འཐབ་བྱེད་ཀྱིན་པའི་ལས་བཟོ་བར་ལྔ་གཅིག་ངལ་རྩོལ་དུས་ཆེན་གྱི་འཚམས་འདྲི་ཞུས།