སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་བསྐྲུན་ལ་མཚོ་སྔོན་གྱིས་མ་དངུལ་སྒོར་དུང་ཕྱུར1074བཏང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་ཞིང་ཆེན་ནོར་སྲིད་ཐིན་ནས་རྒྱུས་ལོན་བྱུང་པ་ལྟར་ན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་རང་ཞིང་གིས་རྒྱལ་ཁབ་ཀྱི་ནུབ་རྒྱུད་གསར་སྤེལ་ཆེན་མོ་དང་རྨ་ཆུའི་འབབ་རྒྱུན་སྐྱེ་ཁམས་སྲུང་སྐྱོབ། སྤུས་ཚད་མཐོན་པོའི་འཕེལ་རྒྱས་སོགས་ཀྱི་འཐབ་ཇུས་གོ་སྐབས་དམ་འཛིན་སྒོས། རང་ཞིང་གི་དམིགས་གསལ་ཞིང་ཆེན་གནས་ཚུལ་དང་དོན་དངོས་དཀའ་ཁག་ལ་ཞིབ་འཇུག་གནད་ཁེལ་བྱས་ཏེ་རྒྱལ་ཁབ་ཀྱི་པུའུ་ཨུ་ལྷན་ལ་སྙན་ཞུ་ཕུལ་ནས་འབྲེལ་འདྲིས་བྱེད་རྒྱུར་ཤུགས་བསྣན་ནས། ཀྲུང་དབྱང་གི་རིགས་མི་འདྲ་བའི་སྐྱེ་ཁམས་ཁོར་སྲུང་རིགས་ཀྱི་མ་དངུལ་སྒོར་དུང་ཕྱུར645.94བརྩོན་ལེན་བྱས་ཏེ་ལོ་ལྔའི་འཆར་གཞི་བཅུ་གཉིས་པ་ལས87%འཕར། དེ་དང་ཆབས་ཅིག ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ནོར་སྲིད་སྡེ་ཁག་གིས་དཔལ་འབྱོར་མར་སྤྲོད་པར་གནོན་ཤུགས་ཆེ་བ་དང་ནོར་སྲིད་ཀྱི་ཡོང་སྒོ་དང་གཏོང་སྒོའི་འགལ་ཟླ་འབུར་ཐོན་གྱི་གནས་ཚུལ་འོག་སྐྱེ་ཁམས་སྤུས་ལེགས་རྒྱུན་འཁྱོངས་སྒོས་སྤུས་ལེགས་འགྲོ་སོང་སྒྲིག་སྒྲིག་དང་གནོན་བཙུར་སྤྱིར་བཏང་ཅན་གྱི་འགྲོ་སོང་། གཅིག་གྱུར་བསྡུ་རུབ་བྱས་པའི་གསོག་འཇོག་མ་དངུལ་སོགས་ཀྱི་བྱེད་ཐབས་བརྒྱུད། མུ་མཐུད་དུ་སྐྱེ་ཁམས་ཁོར་སྲུང་གི་མ་དངུལ་གཏོང་བའི་ནུས་ཚད་ཆེས་ཆེར་བཏང་ཞིང་། ཁྱོན་བསྡོམས་པས་ནོར་སྲིད་མ་དངུལ་སྒོར་དུང་ཕྱུར1074.08བཏང་སྟེ་ལོ་ལྔའི་འཆར་གཞི་བཅུ་གཉིས་པ་ལས་སྒོར་དུང་ཕྱུར474.28འཕར་ལ། དེའི་འཕར་ཚད་ནི79%ཡིན། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ལ་སྲ་བརྟན་དོན་དངོས་མ་དངུལ་གྱིས་འགན་སྲུང་ཐོབ་པ་དང་སྐྱེ་ཁམས་ཁོར་སྲུང་ནོར་སྲིད་ཀྱི་མ་དངུལ་གཏོང་ཚད་ཐད་ལ་ཆེས་མཐོ་བའི་ལོ་རྒྱུས་གསར་དུ་བསྐྲུན།

ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ནོར་སྲིད་ཀྱིས་ཁྱོན་བསྡོམས་གཙོ་གནད་སྐྱེ་ཁམས་སྲུང་སྐྱོབ་སླར་གསོའི་ལས་གཞི་ཡི་མ་དངུལ་དུང་ཕྱུར497.84གཏོང་རྒྱུ་བཀོད་སྒྲིག་བྱས་ཤིང་། དེས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་གཏོང་ཚད46%ཡིན། ཀྲུང་ཧའི་ཆུ་མཛོད་ལ་སྲུང་སྐྱོབ་བྱེད་པའི་ལས་འགུལ་འགོ་ཚུགས་ཤིང་། གཙང་གསུམ་གྱི་དུས་རིམ་གཉིས་པར་རྒྱབ་སྐྱོར་བྱེད་པ་གཙོ་བོར་བཟུང་ཡོད། མདོ་ལ་རི་བོའི་ཕྱོགས་བསྡུས་ཁོར་ཡུག་དག་ཐེར་དང་མདོ་ལ་རི་རྒྱུད་ཀྱི་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་ཐང་སོགས་རིམ་པ་དང་པོའི་གཙོ་གནད་སྐྱེ་ཁམས་སྲུང་སྐྱོབ་སླར་གསོའི་བཟོ་སྐྲུན་དང་གཙོ་གནད་རྣམ་གྲངས་ཀྱིས་སྲུང་སྐྱོབ་ཆེན་པོ་དང་བཅོས་སྐྱོང་ཆེན་པོར་སྣེ་ཁྲིད་དེ་ནོར་སྲིད་མ་དངུལ་བེད་སྤྱོད་ཕན་འབྲས་མངོན་གསལ་གྱིས་ཇེ་མཐོར་བཏང་ཡོད། སྐྱེ་ཁམས་ཞིག་གསོའི་བཟོ་སྐྲུན་གྱི་སླར་གསོ་གལ་ཆེན་རབས་དང་རིམ་པ་ལག་བསྟར་གྱིས་མདོ་ལ་རི་བོའི་སྐྱེ་ཁམས་སྒྲིབ་ཡོལ་ནུས་ལྡན་སྲ་བརྟན་དུ་བཏང་སྟེ། ཀྲུང་ཧྭའི་ཆུ་མཛོད་ཀྱི་སྐྱེ་ཁམས་ཞབས་ཞུའི་བྱེད་ནུས་གཏན་འཇགས་ཇེ་ལེགས་སུ་བཏང་བ་དང་། གཙང་གསུམ་འགོ་ཁུངས་ཀྱི་མཚེའུ་སྟོང་ཕྲག་མང་པོར་སྔ་ན་མེད་པའི་མཛེས་ལྗོངས་ཀྱི་ཉམས་མངོན་དུ་བཅུག འགོ་ཁུངས་ཆུ་བོའི་དྭངས་གཙང་ཚད་གཞི་མུ་མཐུད་དུ་རྒྱུན་འཁྱོངས་སྒོས་ཆུ་སྤུས་གཏན་འཇགས་དེ་རིམ་པ་གཉིས་པའི་ཡན་ལ་སླེབས་པ་མ་ཟད། ཤར་དུ་བཞུར་བའི་གཙང་བོ་སྔར་ལས་དྭངས་པ་ལ་འགན་སྲུང་ཁག་ཐེག་བྱས།

ལོ་འདི་དག་གི་རིང་། མཚོ་སྔོན་གྱི་རིམ་པ་སོ་སོའི་ནོར་སྲིད་སྡེ་ཁག་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློ་དང་མཚོ་སྔོན་བྱ་བའི་གསུང་བཤད་གལ་ཆེན། མཛུབ་སྟོན་གྱི་བསམ་བློའི་དགོངས་དོན་ལག་ལེན་མཐིལ་ཕྱིན་དུ་སྤེལ་ནས། མཚོ་སྔོན་གྱི་ཆེས་ཆེ་བའི་རིན་ཐང་ནི་སྐྱེ་ཁམས་དང་ཆེས་ཆེ་བའི་འགན་འཁྲི་ནི་སྐྱེ་ཁམས། ཆེས་ཆེ་བའི་མི་མངོན་པའི་ནུས་པའང་སྐྱེ་ཁམས་ཁྲོད་ཡོད་པའི་ཞིང་ཆེན་གནས་ཚུལ་གྱི་གནས་བབ་ལ་རྐང་བཙུགས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་ནས། ནན་ཏན་སྒོས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་ཞིང་ཆེན་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་དེ་ནན་ཏན་སྒོས་ལག་བསྟར་བྱས་ལ། དཔེར་སྟོན་ཞིང་ཆེན་ལྔ་ཡི་འཛུགས་སྐྲུན་ལ་སྣེ་ཁྲིད་དེ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་དམ་པོར་བཟུང་ནས། ནོར་སྲིད་ཀྱི་འགན་ནུས་བྱེད་ཐབས་ཧུར་ཐག་སྒོས་འདོན་སྤེལ་བྱས་ལ། ནོར་སྲིད་ཐོན་ཁུངས་མ་དངུལ་གྱི་གཏོང་ཚད་མུ་མཐུད་དུ་ཆེས་ཆེར་བཏང་ནས། གནམ་སྔོན་པོ་དང་ཆུ་དྭངས་མོ། ས་གཙང་མའི་རང་སྲུང་གཡུལ་འཐབ་ལ་རྒྱབ་སྐྱོར་བྱས། མདོ་དབུས་མཐོ་སྒང་རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་ཡོལ་བ་བརྟན་སྲུང་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་རྒྱུ་སྤུས་ལ་མུ་མཐུད་དུ་ལེགས་བཅོས་བྱས་ཤིང་། མི་དམངས་མང་ཚོགས་ལ་སྐྱེ་ཁམས་ཁོར་ཡུག་གིས་བདེ་སྐྱིད་ཀྱི་ཚོར་ཤེས་དང་སྐྱིད་སྣང་། བདེ་འཇགས་ཀྱི་ཚོར་བ་མངོན་གསལ་གྱིས་ཆེས་ཆེར་བཏང་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།