མཚོ་འཕགས་རྨིད4300ལྷག་ཡོད་སའི་གཙང་གསུམ་སྟོད་ནས་ཕག་རྒོད་མཐོང་བ།

གཙང་གསུམ་སྲུང་སྐྱོབ་ས་ཁུལ་དུ་ཕག་རྒོད་ཅིག་བྱུང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། “ཕག་རྒོད་ནན་ཅིན་གྱི་སྤྱི་གླིང་དུ་ཡོད།” “ཕག་རྒོད་འབྲི་ཆུར་རྐྱལ་ཐུབ།” ཉེ་ལམ་ཕག་རྒོད་སྐོར་གྱི་གསར་འགྱུར་ཅུང་མང་ལ་མི་རྣམས་ཀྱིས་དོ་ཁུར་བྱེད་ཡུལ་དུ་གྱུར་ཡོད། ཟླ4པའི་ཚེས23ཉིན། མཚོ་སྔོན་དུ་ཕག་རྒོད་ཅིག་མངོན་བྱུང་། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་གི་ནགས་སྲུང་མི་སྣས་མཚོ་འཕགས་རྨིད

ཕག་རྒོད་ཅིག་གིས་རྫུབས་དེ་འདྲ་མཐུག་རྒྱུ་མེད་པའི་ནགས་ཚལ་ཞིག་རྒལ་ཏེ་རི་གསེང་དུ་གཟན་འཚོལ་བཞིན་ཡོད། ཟླ4པའི་ཚེས23ཉིན། ཆུ་དམར་ལེབ་རྫོང་གི་ནགས་སྲུང་མཁན་ཉི་མས་རྨ་འབྲི་རྫ་གསུམ་སྲུང་སྐྱོབ་ས་ཁུལ་གྱི་མངའ་ཁོངས་སུ་རི་ལམ་བརྒྱུད་དེ་སྐོར་གཡེང་བྱེད་སྐབས། གཟུགས་བོངས་ཆེ་ཞིང་ལུས་ཧྲིལ་བོར་སྤུ་ནག་པོས་ཁེབས་པའི་སྲོག་ཆགས་ཤིག་མཐོང་། དེ་ནི་སྤྱིར་བཏང་གི་ཁྱིམ་གསོས་ཕག་ལས་གཏུམ་པ་མ་ཟད་ལུས་གཟུགས་ཀྱང་ཅུང་ཆེ། འགྲོ་སྐྱོད་སོགས་ཀྱང་ཁྱིམ་གྱི་གསོ་ཕག་ལས་མྱུར་ཞེས་ནགས་སྲུང་མི་སྣ་ཉི་མས་སྲོག་ཆགས་དེ་དང་རོང་འབྲོག་པའི་ཁྱིམ་དུ་གསོས་ཡོད་པའི་ཕག་དང་མི་འདྲ་བའི་རྣམ་པ་སོགས་རྒྱས་བཤད་བྱས།

མཚན་མོ་དེར། ཉི་མས་པར་ལེན་བྱས་པའི་བརྙན་རིས་དང་འདྲ་པར་སོགས་ཆུ་དམར་ལེབ་རྫོང་སྐྱེ་ཁམས་ཁོར་ཡུག་དང་རང་བྱུང་ཐོན་ཁུངས་དོ་དམ་ཅུའུ་ལ་བསྐུར། ཁོ་ཚོས་ཕག་རྒོད་ཅིག་ཡིན་པ་གཏན་ཁེལ་བྱས། རྒྱལ་ཁབ་ཀྱི་སྲུང་སྐྱོབ་ཐོབ་པའི་ཕན་འབྲས་དང་དཔལ་འབྱོར་གལ་ཆེན། ཚན་རིག་གི་ཞིབ་འཇུག་རིན་ཐང་ཅན་གྱི་སྐམ་སའི་རི་སྐྱེས་སྲོག་ཆགས་ཤིག་ཡིན་པ་ཤེས།

ཆུ་དམར་ལེབ་རྫོང་སྐྱེ་ཁམས་ཁོར་ཡུག་དང་རང་བྱུང་ཐོན་ཁུངས་དོ་དམ་ཅུའུ་ཡི་ལས་བྱེད་མི་སྣའི་ངོ་སྤྲོད་ལྟར་ན། 2019ལོའི་ལོ་མཇུག་ལ། རང་ཞིང་གི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་དུ་ཕག་རྒོད་ཨ་མ་ཞིག་གིས་ཕྲུ་གུ་ཁྲིད་དེ་འགྲོ་བཞིན་་པའི་རྣམ་པ་ཞིག་པར་ཏུ་བཏབ་མྱོང་། ལོ་འདི་དག་གི་རིང་ལ། རྨ་འབྲི་རྫ་གསུམ་གྱི་སྲུང་སྐྱོབ་ནུས་ཤུགས་ཆེས་ཆེར་བཏང་པ་དང་ནགས་སྲུང་མཁན་གྱིས་སྐོར་ཞིབ་སྲུང་སྐྱོབ་བརྒྱུད་རིམ་ཁྲོད་ནམ་རྒྱུན་ཕག་རྒོད་ཕྱི་རོལ་དུ་འགྲོ་འོངས་བྱེད་པ་ལ་ནམ་རྒྱུན་འཕྲད་འོངས། དུས་ཡུན་རིང་བོར་ལྟ་རྟོག་ཟིན་བཀོད་ལས་ཤེས་གསལ་ལྟར་ན། རང་ཞིང་གི་རྨ་འབྲི་རྫ་གསུམ་ས་ཁུལ་དུ་ཕག་རྒོད་མང་ལ། མིག་སྔར་གསར་རྙེད་བྱུང་བའི་ཕག་རྒོད་དེའི་གཟུགས་པོ་ཅུང་རྒྱགས་ལ། མགོ་བོ་དང་ལུས་པོ་ཅུང་ཆེ་ཞིང་ཁོག་སྨད་ཅུང་ཆུང་། རྐང་ལག་བཞི་སྦོམ་ཞིང་ཐུང་། དེ་མིན་རི་གཟར་བྲག་འགག་ལ་འཛེགས་པའི་ནུས་པ་ཧ་ཅང་ཆེ་བ་རེད།

ཆུ་དམར་ལེབ་རྫོང་སྐྱེ་ཁམས་སྲུང་སྐྱོབ་དང་རང་བྱུང་ཐོན་ཁུངས་དོ་དམ་ཅུའུ་ཡི་ཅུའུ་ཀྲང་དཀའ་ཐུབ་ཀྱིས་ངོ་སྤྲོད་བྱེད་རྒྱུར། ཕག་རྒོད་ནི་ཁོར་ཡུག་འདྲ་མིན་ལ་ལོབས་སླ་ཞིང་། ནགས་སྲུང་མཁན་གྱིས་དུས་ཡུན་རིང་བོར་ལྟ་ཞིབ་ཚད་ལེན་ལས་བྱས་པའི་དཔྱད་གཞི་ལས་མངོན་པ་ལྟར་ན། ཕག་རྒོད་ནི་རི་བོ་མཐོ་ས་དང་གྲང་ངར་ཆེ་ས། དབྱང་དབུགས་ཉུང་བའི་རྨ་འབྲི་རྫ་གསུམ་ས་ཁུལ་གྱི་ནགས་ཚལ་ཁྲོད་གང་སར་ཁྱབ་ཡོད་ལ། ཁོར་ཡུག་དེ་འདྲ་ལ་ལོབས་སླ་ངེས་ཟེར།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།