རང་བྱུང་མཛེས་ལྗོངས་ཀྱི་ཐུན་མིན་གྱིས་མང་ཨེ་ཡུལ་སྐོར་གྲོང་རྡལ་ཆུང་ཆུང་དུ་གྱུར་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ད་ལྟ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་མང་ཨེ་སོགས་ས་ཁུལ་རྒྱལ་ཡོངས་ཀྱི་དྲ་གྲོགས་དག་གིས་འཚོལ་བཤེར་བྱེད་སའི་ཡུལ་སྐོར་བ་ཆེས་མོད་པོའི་དམིགས་ཡུལ་དུ་གྱུར་ཡོད་ལ། སྐར་མ་མིག་དམར་གྱི་སྒར་སོགས་ནི་ན་གཞོན་མི་ཉུང་བ་ཞིག་གི་ཡུལ་སྐོར་བྱེད་ཐབས་སུ་གྱུར་ཡོད།

མཚོ་སྔོན་གྱི་ཕུལ་ཏུ་བྱུང་བའི་ཡུལ་སྐོར་ལམ་ཐིག་བརྒྱ་ཕྲག་ལྷག་གི་ཁྲོད། གཏེར་ལེན་ཁ་དང་མང་ཨེ་སོགས་ཀྱིས་ཐུན་མིན་ཁྱད་འཕགས་ཀྱི་རང་བྱུང་མཛེས་ལྗོངས་ལ་བརྟེན་ནས་དྲ་ལམ་དུ་གྲགས་པ་དང་། ཡུལ་སྐོར་བ་མང་པོའི་སྣེ་ཁྲིད་དེ་སྐར་ཚོགས་ལ་ཉམས་ཞིབ་བྱེད་པ་རོལ་མྱོང་གིས་གནམ་རིག་ཡོངས་ཁྱབ་ཚན་རིག་དང་བཟོ་ལས་ཡུལ་སྐོར་ངོ་བོ་གཅིག་ཡིན་པའི་གཞན་དང་མི་འདྲ་བའི་ཡུལ་སྐོར་གྱི་ལམ་བུ་ཞིག་བསྐྲུན་པ་དང་ཆབས་ཅིག མཚོ་ནུབ་ཀྱི་ཕུན་སུམ་ཚོགས་པའི་རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་འགྲེམས་སྟོན་བྱས་ཡོད།

ཕེ་ཚེ་མཚོ་དང་སྐར་མ་མིག་དམར་སྒར། ཨེ་ཁུན་ཆུ་འགོ་སོགས་ནི་དྲ་གྲགས་ཡུལ་སྐོར་ས་ཁུལ་གྱི་ཡུལ་སྐོར་འགྲུལ་བ་མང་པོས་ཡིད་སྨོན་འཆོར་ས་ཡིན་ལ། མང་ཨེ་ནི་ཡུལ་སྐོར་གྱི་གྲོང་རྡལ་ཆུང་ཆུང་ཞིག་ཏུ་གྱུར། ལོ་འདི་དག་གི་རིང་ལ། མང་ཨེ་གྲོང་ཁྱེར་གྱིས་གྲོང་ཁྱེར་གྱི་འགུག་ཤུགས་མུ་མཐུད་དུ་རྒྱ་བསྐྱེད་དེ་སེམས་པ་རྩེ་གཅིག་གིས་གྲོང་ཁྱེར་གྱི་མིང་བྱང་གསར་བཟོ་བྱས། རྡོ་སྣུམ་གྲོང་རྡལ་ཆུང་ཆུང་དང་སྐར་མ་སྤེན་པའི་གྲོང་རྡལ་ཆུང་ཆུང་། རྡོ་བའི་གྲོང་རྡལ་ཆུང་ཆུང་བཅས་ཀྱིས་སྲོག་ཤིང་གཅིག་དང་གཤོག་ཟུང་གཉིས་ཀྱི་ཁྱད་ལྡན་ཡུལ་སྐོར་འཕེལ་རྒྱས་ཀྱི་སྲོག་ཤིང་གཞིར་བཟུང་ནས། རང་བྱུང་སྐྱེ་ཁམས+ཡུལ་སྐོར། བཟོ་ལས་ཐོན་ཁུངས+ཡུལ་སྐོར། དམར་པོའི་རིག་གནས+ཡུལ་སྐོར། གནམ་རིག་ཚན་རྩལ+ཡུལ་སྐོར་སོགས་ལག་བསྟར་སྒོས་ཕུན་སུམ་ཚོགས་པའི་ཡུལ་སྐོར་གྱིས་འགྲུལ་བ་དག་ལ་ཉམས་ཞིབ་བྱེད་དུ་བཅུག

ལྔ་གཅིག་ངལ་རྩོལ་གྱི་གུང་གསེང་སྐབས་སུ་མེ་འཁོར་དུ་བསྡད་དེ་མང་ཨེ་གྲོང་ཁྱེར་ལ་ཡུལ་སྐོར་དུ་འགྲོ་བར་སྟབས་བདེ་བསྐྲུན་ཆེད། ན་གོར་མོ་ནས་ཧྭ་ཐུའུ་འགག་བར་དུ་མེ་འཁོར་གཏོང་ཐེངས་ཁ་སྣོན་བྱས་ཡོད། ཟླ5པའི་ཚེས1ཉིན་དང་ཚེས5ཉིན། ཚེས6ཉིན་བཅས་ལ་རང་ཞིང་གིས་ན་གོར་མོ་ནས་ཧྭ་ཐུའུ་འགག་ལ་མེ་འཁོརK9901/2བཀོད་སྒྲིག་བྱས་ཡོད། ཟླ5པའི་ཚེས2ཉིན་ནས་ཚེས4ཉིན་བར་ན་གོར་མོ་ནས་ཧྭ་ཐུའུ་འགག་བར་ལ་མེ་འཁོརK9903/4བཀོད་སྒྲིག་བྱས་ཡོད་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།