སྒ་གསུང་རབ་རྒྱ་མཚོ། 

ངོ་སྤྲོད་མདོར་བསྡུས།

མཁས་དབང་སྒ་གསུང་རབ་རྒྱ་མཚོ་ནི་བོད་རབ་བྱུང་བཅོ་ལྔ་བའི་མེ་སྤྲེལ་སྤྱི་ལོ1896ལོར་མདོ་སྨད་ཙོང་ཁ་སྐྱེས་རིའི་ཕང་པར་ཆགས་པའི་བཀའ་མ་ལོག་གི་ཡུལ་སྟག་ཚང་དུ་གླང་ཚང་ཞེས་པའི་མི་ཚང་དུ་འཁྲུངས་ཤིང་། དགུང་ལོ་བརྒྱད་ལ་བྱ་ཁྱུང་དགོན་གྱི་སྒྲིག་ལམ་ལ་བཞུགས་ཏེ་འདོན་ཆ་ཇི་སྙེད་བློ་འཛིན་མཛད། ཤིང་སྟག་སྤྱི་ལོ1914ལོ་ནས་མི་ལོ24རིང་རྡི་ཚ་བཀྲ་ཤིས་ཆོས་སྡིངས་སུ་མདོ་སྔགས་རིག་གནས་ཀུན་ལ་སྦྱངས་པ་མཐར་ཕྱིན་པ་མཛད་དེ་རབ་བྱུང་བཅུ་དྲུག་པའི་ས་སྟག་སྤྱི་ལོ1938ལོར་དགོན་དེར་དགེ་བཤེས་རབ་འབྱམས་པའི་མཚན་རྟགས་བཞེས་ཤིང་། སྐབས་དེའི་མཚོ་སྔོན་གྱི་ཀྲུའུ་ཞི་མཱ་པུའུ་ཧྥང་གིས་ཟི་ལིང་དུ་བོད་སོག་སློབ་འབྲིང་ཞིག་བཙུགས་པ་དེའི་ནང་བོད་ཡིག་དགེ་རྒན་གཅིག་ལྕོགས་མཛད་རིང་འབྲོག་ཁུལ་གྱི་སློབ་མ་རྣམས་རྒྱ་ཡིག་དང་། རྩིས་རིག ས་ཁམས། ལོ་རྒྱུས་སོགས་ཀྱི་སློབ་ཚན་རྣམས་རྒྱ་སྐད་ཐོག་ནས་ཧ་ཅང་གོ་དཀའ་བར་དགོངས་ནས་སློབ་གཙོ་གཞོན་པ་བློ་བཟང་བྱང་ཆུབ(རྒྱ་ཞིག་ཡིན)དང་བཀའ་གྲོས་མཛད་དེ་རྒྱ་ཡིག་གི་སློབ་དེབ་བརྒྱད་བོད་ཡིག་ཏུ་བསྒྱུར་གནང་མཛད་པའོ། །

བྱ་བའི་བརྒྱུད་རིམ།

སྤྱི་ལོ1949ལོའི་ཟླ9བའི་ཚེས5ཉིན་ཟི་ལིང་གྲོང་ཁྱེར་བཅིངས་འགྲོལ་བཏང་རྗེས་ཐང་འཐབ་དམག་དཔུང་དམག་ཐོན་དང་པོའི་ཟི་ལིང་དམག་དཔོན་ཆེན་མོ་ཝང་ཀྲེན་གྱི་བཀའ་ལྟར་ཞིང་ཆེན་སྲིད་གཞུང་གི་ཡིག་སྒྱུར་ཁའོ་ཡི་འགན་འཛིན་གཞོན་པའི་ཐུགས་འགན་བཞེས་པ། སྤྱི་ལོ1950ལོའི་ཟླ1པའི་ཚེས1ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དངོས་སུ་བཙུགས་སྐབས་ཀྲུའུ་ཞི་གཞོན་པ་དང་། ཞིང་ཆེན་རིག་སློབ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ནུབ་བྱང་དམག་སྲིད་ཨུ་ལྷན་གྱི་རིག་སློབ་ཨུ་ཡོན་བཅས་ཀྱི་ཐུགས་འགན་བཞེས། སྤྱི་ལོ1951ལོར་ཁོང་གི་གཙོ་སྐྱོང་འོག་རང་རྒྱལ་ལོ་རྒྱུས་ཐོག་གི་བོད་ཡིག་ལྕགས་པར་ཚགས་པར་ཐེངས་དང་བོ་སྟེ《མཚོ་སྔོན་བོད་ཡིག་ཚགས་པར》བཏོན་ནས་རྒྱལ་ནང་བོད་རིགས་ས་ཁུལ་ཡོངས་རྫོགས་ལ་འགྲེམས་སྤེལ་བྱས་པ་དང་ད་དུང་ཞིང་ཆེན་སློབ་གསོ་ཐིང་ནས་སློབ་ཆུང་སྐད་ཡིག་སློབ་དེབ་དང་པོ་ནས་བཞི་བའི་བར་དང་། རྩིས་རིག་དེབ་དང་པོ་ནས་དྲུག་པའི་བར། ས་ཁམས་དེབ་དང་པོ་ནས་བཞི་བའི་བར། རང་བྱུང་དེབ་དང་པོ་ནས་གཉིས་པའི་བར་བཅས་སྔ་རྗེས་སུ་རྩོམ་སྒྱུར་བྱས་ཏེ་པར་འགྲེམས་བྱས། སྤྱི་ལོ1952ལོར་ཞིང་ཆེན་སྲིད་གཞུང་གི་བཀོད་མངགས་ལྟར་བོད་སྐད་རླུང་འཕྲིན་གསར་དུ་གཉེར་རྒྱུའི་ཐུགས་འགན་བཞེས་ཏེ་རྩོམ་སྒྱུར་དང་སྙན་སྒྲོན་པ་གཅིག་ལྕོགས་མཛད་དེ་ཐོག་མ་སྐར་མ་བཅོ་ལྔ་ཙམ་གྱི་བོད་སྐད་ལེ་ཚན་ཞིག་ཞིང་ཆེན་ཡོངས་དང་བོད་རིགས་ས་ཁུལ་གཞན་སོ་སོར་བཏང་ཐོག་དེའི་རྨང་གཞིའི་སྟེང་མཚོ་སྔོན་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་བོད་སྐད་ཚན་ཁག་རིམ་གྱིས་འཛུགས་འགོ་བརྩམས། སྤྱི་ལོ1953ལོར་ཁོང་གིས་བོད་སོག་འབྲོག་པ་མང་ཚོགས་ཀྱི་འཚོ་ཐབས་ལ་དམིགས་ནས་སྦྲ་གུར་སློབ་ཆུང་བཙུགས་པ་དང་མཚོ་སྔོན་དགེ་འོས་སློབ་གྲྭར་གྲངས་ཉུང་མི་རིགས་དགེ་རྒན་གསོ་སྐྱོང་འཛིན་གྲྭ་བཙུགས་ཏེ་འཛིན་གྲྭའི་ཀྲུའུ་རིན་གྱི་འགན་བཞེས། སྐད་གཉིས་ལ་བྱང་ཆུབ་པའི་མི་སྣ་ཁག་གཅིག་ཁྲིད་དེ་བྱང་ཤར་གློག་བརྙན་བཟོ་གྲྭར་ཕེབས་ཏེ་གློག་བརྙན་རེ་འགའ་བོད་སྐད་དུ་བསྒྱུར། སྤྱི་ལོ1954ལོར་མཚོ་སྔོན་ཞིང་ཆེན་རིག་སློབ་ཐིང་གི་དབུ་འཛིན་གྱི་ཐུགས་འགན་བཞེས་པ་དང་། མཁས་དབང་ཚེ་ཏན་ཞབས་དྲུང་སོགས་དང་ལྷན་དུ་ཁྲིམས་ལུགས་ཀྱི་དཔེ་ཆ་གང་མང་བསྒྱུར་བར་མ་ཟད《བོད་རྒྱ་མིང་ཚིག་ཕྱོགས་བསྡུས》ལ་མཇུག་མཐའི་ཞིབ་བཤེར་གཏན་འབེབས་གནང་། སྤྱི་ལོ1956ལོའི་ཟླ་གཉིས་པར་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཁོངས་མིར་བདམས། སྤྱི་ལོ1960ལོར་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་དམངས་ཁྲོད་རྩོམ་རིག་གསར་རྩོམ་པའི་ཐུགས་འགན་བཞེས། སྤྱི་ལོ1964ལོར་གཙང་བཤེར་བཞི་ཟེར་བའི་ཆབ་སྲིད་ལས་འགུལ་ནང་རྡུང་རྡེག་ཕོག་པ་ནས་སྤྱི་ལོ1979ལོའི་ལོ་མཇུག་མི་བཞི་ཚོགས་ཁག་གཏོར་རྗེས་གཞི་ནས་དེ་སྔའི་གནས་དང་གཞུང་བཞེས་ཟིན་པའི་རྒྱུ་ནོར་དག་སྔར་མུས་ཕྱིར་འབུལ་ཞུས་ཐོག ཞིང་ཆེན་སྲིད་གྲོས་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་གྱི་མཚན་གནས་བསྐྱར་གསོ་བྱས་པ་དང་། མི་རིང་བར་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པར་བདམས་ཐོན་བྱུང་ཞིང་། མཐར་དགུང་གྲངས86ལ་ཕེབས་པ་སྤྱི་ལོ1979ལོའི6པའི་ཚེས22ཉིན་ཟི་ལིང་དུ་སྐུ་གཤེགས་ཏེ་ཞལ་ཆེམས་ལྟར་གདུང་རུས་རི་བོ་རྩེ་ལྔར་གདན་དྲངས་པའོ། །

ཀྲུང་དབྱང་མི་དམངས་སྲིད་གཞུང་གི་བསྐོ་གཞག་ཡི་གེ།

ཀྲུང་དབྱང་མི་དམངས་སྲིད་གཞུང་གི་བསྐོ་གཞག་ཡི་གེ།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ང་ཕོད་ངག་དབང་འཇིགས་མེད་ཀྱིས་ཕྱག་བྲིས་མཛད་པའི་སྒ་གསུང་རབ་རྒྱ་མཚོ་ཚང་གི་མཚན་བྱང་།