རང་ཞིང་གི་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་པའི“གཙང་སེལ་འགུལ་སྐྱོད”ལ་གྲུབ་འབྲས་ཐོབ་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་སྣེ་ཁྲིད་རྩ་འཛུགས། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན། ཞིང་ཆེན་སྤྱི་བདེ་ཐིན། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན། ཞིང་ཆེན་ཏང་ཨུའི་ཆ་འཕྲིན་དྲ་རྒྱའི་བརྡ་འཕྲིན་གཞུང་སྒྲུབ་ཁང་། ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་དང་ཟི་ལིང་མཚོ་འགག་སོགས་ལས་ཁུངས་དག་གིས་མཉམ་འབྲེལ་སྒོས་སྤེལ་བའི་ཚབ་རྟགས་ལ“གཙང་སེལ”བྱ་བའི་རི་སྐྱེས་སྲོག་ཆགས་ཁྲིམས་འགལ་སྒོས་ཉོ་འཚོང་བྱེད་པར་རྡུང་རྡེག་གཏོང་བའི་མཉམ་འབྲེལ་ལས་འགུལ་མཇུག་བསྡུས་ཤིང་གྲུབ་འབྲས་མངོན་གསལ་བླངས་ཡོད།

ལས་འགུལ་དེའི་སྐབས་སུ་ཞིང་ཆེན་ཡོངས་ཀྱིས་རིགས་མི་འདྲ་བའི་ཡུལ་དངོས23282ལ་ལྟ་སྐུལ་ཞིབ་བཤེར་བྱས་ཤིང་། ཁྱོན་བསྡོམས་རི་སྐྱེས་སྲོག་ཆགས་དང་འབྲེལ་བའི་གྱོད་དོན་མི་འདྲ་བ8རྩད་གཅོད་ཐུབ་པ་དང་། ཁྲིམས་འགལ་ནག་ཉེས་བཟོས་པའི་ཚོགས་པ3མེད་པར་བཟོས། ཁྲིམས་འགལ་ནག་ཉེས་ཅན་གྱི་མི་སྣ10ལ་རྡུང་རྡེག་བཏང་ཤིང་། རི་སྐྱེས་སྲོག་ཆགས་རིགས་མི་འདྲ་བ9གཞུང་བཞེས་བྱས། ཁྲིམས་འགལ་སྒོས་ཉོ་བསྡུ་བྱས་པའི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་རི་སྐྱེས་སྲུང་སྐྱོབ་སྲོག་ཆགས་གཙོད་ཀྱི་རྭ་ཅོ2 ཤ་རྭ7གཞུང་བཞེས་བྱས། གཞན་རི་སྐྱེས་སྲོག་ཆགས་ཀྱི་ཐོན་རྫས119དང་ཁྲིམས་འགལ་རི་དྭགས་རྔོན་ཆས་དང་ཉ་འཛིན་བྱེད13རྩད་ཆོད་པ་དང་ཁྲིམས་འགལ་གཞུང་བཞེས་བྱས་པའི་མ་དངུལ་གྱི་རིན་ཐང་སྒོར་ཁྲི1.764ལ་བུད་ཡོད།

ཐེངས་འདིའི་ལས་འགུལ་གྱིས་ཁྱོན་ཡོངས་ནས་ཞིང་ཆེན་ཡོངས་ཀྱི་མིས་གསོ་སྤེལ་བྱས་པའི་སྐམ་སའི་རི་སྐྱེས་སྲོག་ཆགས་ཀྱི་གསོ་སྤེལ་ར་བ38ལ་རྩད་གཅོད་བྱས་ཤིང་། མིས་གསོ་སྤེལ་བྱས་པའི་དམིགས་གསལ་སྒོ་ཕྱུགས་གསོ་སྤེལ་ར་བ87གྱི་ཚོང་གཉེར་བེད་སྤྱོད་དང་རིམས་ནད་འགོག་ཟོན་སོགས་ཀྱི་གནས་ཚུལ་ལ་རྩད་གཅོད་བྱས་ཡོད། དེ་དང་ཆབས་ཅིག་ཏུ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོའི་ཞིང་ཞོར་ཁྲོམ་ར་གཙོ་བོ། མེ་ཏོག་དང་འདབ་ཆགས་ཀྱི་ཁྲོམ་ར། གསོལ་ཚིགས་ཟ་ཁང་། སྨན་ཁང་། ས་གནས་ཁྱད་ལྡན་ཐོན་རྫས་ཚོང་གཉེར་ཁང་དང་དྲ་རྒྱའི་ཕྱིར་འཚོང་ཁང་། རྨ་ཆུ་དང་འབྲི་ཆུའི་འགོ་ཁུངས་ཡན་ལག་འབབ་རྒྱུན་དྲ་རྒྱའི་རྣམ་པ་ཅན་བཅས་ལ་ཐོལ་བརྒལ་རང་བཞིན་གྱི་སྒོ་ནས་རྩད་གཅོད་བྱས་ཤིང་། རི་དྭགས་རྔོན་ཆས་དང་ཉ་འཛིན་དྲ་རྒྱ། ཉ་འཛིན་ལྕགས་ཀྱུ་སོགས་ཁྱོན་བསྡོམས་ཡོ་བྱད269རྩད་གཅོད་གཞུང་བཞེས་བྱས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།