སྲོལ་རྒྱུན་བོད་ཀྱི་འཁྲབ་གཞུང་ཆེན་མོ《ཡིད་འཕྲོག་ལྷ་མོ》མཚོ་སྔོན་ཟློས་གར་གླིང་དུ་འཁྲབ་སྟོན་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ4པའི་ཚེས24ཉིན་གྱི་དགོང་མོ། མཚོ་སྔོན་ཞིང་ཆེན་བོད་ཀྱི་ཟློས་གར་ཚོགས་པ་རྨ་ལྷོ་ཁུལ་མི་རིགས་གླུ་གར་འཁྲབ་སྟོན་ཚོགས་པས་གསར་གཏོད་བྱས་པའི་སྲོལ་རྒྱུན་འཁྲབ་གཞུང་ཆེན་མོ《ཡིད་འཕྲོག་ལྷ་མོ》མཚོ་སྔོན་ཟློས་གར་གླིང་དུ་འཁྲབ་སྟོན་བྱས་པ་རེད།

འཁྲབ་གཞུང་དེ་ནི་བོད་ཀྱི་གནའ་རབས་ཟློས་གར《ཆོས་རྒྱལ་ནོར་བཟང》ལ་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུའི་ནང་བཅོས་བསྒྲིགས་བྱས་པའི《དྲི་ཟའི་ལྷ་མོ》ཞེས་པའི་རྨང་གཞིའི་སྟེང་ཡང་བསྐྱར་ཞིབ་ཚགས་སྒོས་བཟོ་བཅོས་བྱས་པའི་བརྩམས་ཆོས་ཤིག་ཡིན་ལ། དུས་རབས་ཀྱི་འགྱུར་ལྡོག་དང་བསྟུན་ནས་སྒྱུ་རྩལ་གྱི་སྤུས་ཚད་ཐད་ལ་ཡང་མུ་མཐུད་དུ་ཤུགས་བསྣན་ནས་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་སྔར་ལས་གཏིང་ཟབ་སྒོས་སྔོག་འདོན་བྱས་ཡོད། རྨ་ལྷོའི་བོད་ཀྱི་ཟློས་གར་རིགས་ཀྱི་སྤུས་ཚད་དང་དེང་རབས་ཀྱི་སྤུས་ཚད། དེང་རབས་སྒྱུ་རྩལ་གྱི་ཚད་གཞི་ཆེས་མཐོ་བའི་བརྩམས་ཆོས་ཀྱི་མཚོན་བྱེད་བཅས་ཡིན། ཡིད་འཕྲོག་ལྷ་མོ་དང་ཆོས་རྒྱལ་ནོར་བཟང་གི་ལྷ་མིའི་བར་བརྒལ་གྱི་བརྩེ་དུང་བརྒྱུད། དཀར་ནག་གོ་ལྡོག་དང་དགེ་སྡུག་མཉམ་བསྲེས་ཀྱི་བར་སྟོང་གང་དེའི་རྒྱབ་ལྗོངས་འོག་མཛེས་བཙོག་དང་དགེ་སྡུག བདེན་རྫུན་གྱི་ཕུགས་འདུན་བདམ་གསེས་ངང་མཇུག་མཐར་དྲང་བདེན་དང་བྱམས་སྐྱོང་གི་རིག་གནས་རྒྱུན་འཁྱོངས་བྱས་པ་དེ་འགྲེམས་སྟོན་བྱས་ཡོད།

2006ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་བརྒྱུད། རྨ་ལྷོའི་བོད་ཀྱི་ཟློས་གར་དེ་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་སྲུང་སྐྱོབ་ཀྱི་མིང་ཐོའི་དཀར་ཆག་ཁྲོད་བདམས་ལ། 2009ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བསླབ་གཞི་རྩ་འཛུགས་མིའི་རིགས་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་གྱི་ཚབ་མཚོན་བརྩམས་ཆོས་ཀྱི་མིང་ཐོའི་དཀར་ཆག་ཁྲོད་དུ་བདམས། རྨ་ལྷོ་ཁུལ་མི་རིགས་གླུ་གར་ཟློས་གར་ཚོགས་པ་མཚོ་སྔོན་ཞིང་ཆེན་བོད་ཀྱི་ཟློས་གར་ཚོགས་པ་དེ2008ལོར་རིག་གནས་པུའུ་ཡིས་རྨ་ལྷོའི་བོད་ཀྱི་ཟློས་གར་རྣམ་གྲངས་སྲུང་སྐྱོབ་ལས་ཁུངས་སུ་ངོས་འཛིན་བྱས་ཤིང་། སྔ་གཞུག་ཏུ་བཟོ་བཅོས་ལེགས་སྒྲིག་བྱས་པའི་བོད་ཀྱི་ཟློས་གར་ལ《དྲི་ཟའི་ལྷ་མོ》དང་《བཙན་པོའི་ཕོ་ཉ།》 《གསེར་མདོག་གི་སྐྱ་རེངས》བཅས་ཡོད། གསར་རྩོམ་བྱས་པའི་འཁྲབ་གཞུང《ནགས་གསེང་གོང་མའི་སྐྱོ་གླུ》དང《སྲོང་བཙན་སྒམ་པོ》སོགས་ཕུལ་བྱུང་ཟློས་གར་ལ་རྒྱལ་ཡོངས་གྲངས་ཉུང་མི་རིགས་རིག་རྩལ་འཁྲབ་སྟོན་ཚོགས་པའི་དངུལ་གྱི་རྟགས་མ་དང་རྒྱལ་ཡོངས་གྲངས་ཉུང་མི་རིགས་བརྗོད་དོན་ཡིན་པའི་ཟློས་གར་འཁྲབ་གཞུང་གི་དངུལ་གྱི་རྟགས་མ། ཝུའུ་ཧྭ་འཁྲབ་གཞུང་གསར་བའི་གཟེངས་རྟགས་སོགས་བྱ་དགའ་མང་པོ་ཐོབ། ཞིང་ཆེན་ཕྱི་ནང་གི་སྒྱུ་རྩལ་འགྲན་སྡུར་དང་འཁྲབ་སྟོན་བྱ་འགུལ་མང་པོར་ཟབ་ཞུགས་བྱས་ཤིང་དམིགས་གསལ་གྱི་བྱ་དགའི་གཟེངས་རྟགས་མང་པོ་ཐོབ། ཐེངས་མང་པོར་རིག་གནས་དང་ཡུལ་སྐོར་པུའུ། མི་དོན་པུའུ་སོགས་ཀྱིས་སྔོན་ཐོན་ཐུན་མོང་ལ་བདམས་པ་དང་། དུས་རབས་གསར་པའི་བོད་ཀྱི་ཟློས་གར་རྒྱུན་འཛིན་དང་འཕེལ་རྒྱས་ཐད་ལ་བྱེད་ནུས་གལ་ཆེན་ཞིག་ཐོན་ཡོད།

ལོ་འདི་དག་གི་རིང་ལ། རང་ཞིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་རིག་རྩལ་བྱ་བའི་བཞུགས་མོལ་གྲོས་ཚོགས་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང《ཀྲུང་གུང་ཀྲུང་དབྱང་གིས་སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་དར་རྒྱས་དང་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་བསམ་འཆར།》 《ཟློས་གར་འཁྲབ་གཞུང་རྒྱུན་འཛིན་དང་འཕེལ་རྒྱས་སྐོར་གྱི་སྲིད་ཇུས་སྐོར་ཞིག》 《ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་འཕེལ་རྒྱས་ཀྱི་བཟོ་སྐྲུན་ལག་བསྟར་བྱེད་པའི་སྐོར་གྱི་བསམ་འཆར》སོགས་ཀྱི་དགོངས་དོན་གཏིང་ཟབ་དུ་སྤེལ་ནས། སྤུས་ལེགས་འཐབ་ཇུས་ལག་བསྟར་དང་གྲངས་ཉུང་མི་རིགས་ཀྱི་ཟློས་གར་འཁྲབ་གཞུང་ལ་ཚད་མཐོའི་མཐོང་ཆེན་སྒོས་ཞིབ་འཇུག་དང་སྲུང་སྐྱོབ། རྒྱུན་འཛན། གསར་རྩོམ་དང་འཕེལ་རྒྱས་བཅས་བྱས་ཏེ་མི་དམངས་ཀྱི་རིག་གནས་ཁེ་དབང་ལ་བརྩི་འཇོག་དང་སྲུང་སྐྱོབ་བྱེད་པའི་བྱེད་ཐབས་གལ་ཆེན་དུ་བཟུང་ཡོད་ལ། རིག་གནས་ཡིད་རྟོན་བརྟན་སྲུང་དང་རིག་གནས་རང་རྟོག་ཆེས་ཆེར་གཏོང་བའི་བསྡུས་གཟུགས་གལ་ཆེན་ཞིག་ཡིན་པས། རང་ཞིང་ནི་མི་འབོར་ཉུང་བའི་ཞིང་ཆེན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཞིང་ཆེན་དུ་འགྱུར་བ་ལ་བྱེད་ཐབས་ནུས་ལྡན་འདོན་པར་སྐུལ་འདེད་བྱས་ཡོད། གྲངས་ཉུང་མི་རིགས་ཀྱི་ཟློས་གར་འཁྲབ་གཞུང་རྒྱུན་འཛིན་འཕེལ་རྒྱས་དེ་ཞིང་ཆེན་ཧྲིལ་པོའི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་གནས་བབ་ཁྲོད་ཀྱི་གཅིག་གྱུར་འཆར་འགོད་ཆེན་པོ་ཞིག་ཡིན་པས། སྲིད་ཇུས་ཀྱི་ནུས་ཤུགས་ཆེས་ཆེར་གཏོང་བ་དང་མ་དངུལ་སོགས་ཀྱི་རྒྱབ་སྐྱོར་ཆེས་ཆེར་བཏང་ནས། གྲངས་ཉུང་མི་རིགས་ཀྱི་ཟློས་གར་འཕེལ་རྒྱས་ཐད་ལ་སྐུལ་འདེད་བཏང་སྟེ། བོད་ཀྱི་ཟློས་གར་གཙོ་བོ་ཡིན་པའི་ཟློས་གར་གཞན་པ་མཉམ་བསྲེས་འཕེལ་རྒྱས་ཀྱི་གནས་བབ་ལེགས་པོ་ཞིག་གྲུབ་དུ་བཅུག་ཡོད། གྲངས་ཉུང་མི་རིགས་ཀྱི་ཟློས་གར་འཁྲབ་གཞུང་དང་དེ་ལས་གཞན་པའི་ཟློས་གར་འཁྲབ་གཞུང་གིས་ཀྲུང་ཧའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད། རིག་གནས་ངོས་འཛིན་བཅས་ཀྱི་ཐད་ལ་ཧུར་ཐག་གིས་བྱེད་ནུས་ཐོན་དུ་བཅུག་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།