གཞིས་ཁུལ་བདག་དོམ་ཁང་ཞིག་གིས་གང་འདོད་དུ་གད་སྙིགས་བསྲེགས་པར་སྒོར་ཁྲི1གི་ཆད་པ་བཅད་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། གང་འདོད་དུ་གད་སྙིགས་བསྲེགས་ན་མཁའ་དབུགས་ལ་སྦགས་བཙོག་བཟོ་བའི་ཤུགས་རྐྱེན་ངན་པ་ཐེབས་པར་མ་ཟད། མེ་སྐྱོན་འབྱུང་བའི་རྐྱེན་དུའང་འགྲོ་ཉེན་ཆེ། ཉེ་ལམ། ཞིང་ཆེན་གྲོང་ཁྱེར་གྱི་སྡོད་དམངས་སྐུ་ཞབས་ཝུའུ་ལགས་ཀྱིས་དགོང་དྲོའི་ཚགས་པར《གཞིས་ཁུལ་གཟའ་འཁོར་ཚགས་པར》ལ་ཁ་པར་བཏང་འོངས་ནས། རང་ཉིད་སྡོད་སའི་ལྔ་གཅིག་ལམ་ཐའེ་ཧི་ཡོན་གྱི་རྒྱུན་དུ་གད་སྙིགས་མེད་པར་བཟོ་པའི་བྱེད་ཐབས་ནི་གད་སྙིགས་བསྲེགས་པ་དེ་ཡིན་པས། སྡོད་དམངས་དག་དཀའ་ཁག་མང་པོ་ཞིག་ལ་གཏད་ཡོད་ཅེས་གནས་ཚུལ་ཡར་ཞུ་བྱས།

སྡོད་དམངས་ཀྱིས་ཡར་ཞུ་བྱས་པའི་གནས་ཚུལ།

སྐུ་ཞབས་ལིག་ལགས་ཀྱིས་བཤད་རྒྱུར། ལོ་ཕྱེད་ལྷག་གི་རིང་ལ། ཉིན་རེའི་ཞོགས་པའི་ཆུ་ཚོད8ཡས་མས་ཀྱི་སྟེང་གཞིས་ཁུལ་ནང་མི་རྣམས་ཀྱིས་གད་སྙིགས་སྲེག་འགོ་རྩོམ་ཞིང་། དུ་ནག་དང་དྲི་ངན་གྱིས་མཁའ་དབུགས་ཧྲིལ་པོ་ཁེབས་ཡོད། གཞིས་ཁུལ་སྡོད་དམངས་ཀྱིས་རྒྱུས་ལོན་པ་ལྟར་ན། གད་སྙིགས་སྲེག་མཁན་ནི་གཞིས་ཁུལ་དེའི་གཞིས་གཙང་སེལ་འགན་ཁུར་མི་སྣ་ཡིན་ལ། གཙང་སེལ་མི་སྣས་གད་སྙིགས་སྲེག་པའི་སྣང་ཚུལ་སྔོན་འགོག་བྱ་ཆེད། སྔོན་ཆད་གཞིས་ཁུལ་བདག་དོམ་ཁང་དང་ཁོངས་གཏོགས་མཁར་གྲོང་དོ་དམ་སྡེ་ཁག་ལ་གནད་དོན་དེ་ཡར་ཞུ་བྱས་མྱོང་མོད་གནད་དོན་ཐག་གཅོད་བྱས་མྱོང་མི་འདུག ད་ལྟ་ནམ་རྒྱུན་གད་སྙིགས་བསྲེགས་པའི་ས་ཁུལ་མང་པོར་རྩྭ་མི་སྐྱེས་པ་རེད།

གསར་འགོད་པས་རྟོག་ཞིབ།

གྲོང་ཁྱེར་སྡོད་དམངས་ཀྱི་གནས་ཚུལ་ཡར་ཞུ་འབྱོར་བས། གསར་འགོད་པ་སྐུ་ཞབས་ཝུའུ་གནས་སྡོད་བྱས་ཡོད་སའི་ཐའེ་ཧི་ཡོན་དུ་འོངས། ཡུལ་དངོས་སུ་གསར་འགོད་པས་སྐུ་ཞབས་ཝུའུ་ཡིས་རྒྱས་བཤད་བྱས་པའི་གད་སྙིགས་བསྲེགས་སའི་གཞིས་ཁུལ་གྱི་ས་སྟོང་དེའི་ཟུར་ལོགས་ཅིག་ན་ལྕང་སྡོང་ཞིག་ཡོད་ལ། གནས་དེར་སྡོད་དམངས་དག་གི་ཉིན་རྒྱུན་འཚོ་བའི་གད་སྙིགས་སྤུངས་ཡོད་པ་མ་ཟད། ད་རུང་གད་སྙིགས་སྒམ་གཉིས་ཡོད་པ་མཐོང་། ས་སྟེང་དུ་ད་རུང་བསྲེགས་ཟིན་པའི་ཁ་དོག་ནག་པོའི་རྗེས་ཤུལ་ཡང་ཡོད། ཉེ་འཁོར་དུ་སྡོད་པའི་སྡོད་དམངས་དག་གིས་གད་སྙིགས་བསྲེགས་པའི་བྱ་སྤྱོད་དེར་འཁང་ར་བྱེད་བཞིན་ཡོད། “ནམ་རྒྱུན་ཞོགས་པར་གནས་འདིར་གད་སྙིགས་སྲེག་བཞིན་ཡོད་པས། དུ་ནག་དང་སྣ་ལ་ཟུག་པའི་དྲི་ངན་གྱིས་མི་རྣམས་ལ་བཟོད་ཐབས་བྲལ་བའི་ཚོར་བ་ཞིག་སྟེར”ཞེས་སྡོད་དམངས་བུད་མེད་ལིས་ལགས་ཀྱིས་མཚམས་མི་ཆད་པའི་ངང་ནས་བཤད། བཅའ་འདྲིའི་ཁྲོད་སྡོད་དམངས་དག་གི་ཡོངས་ཁྱབ་ཀྱི་འདོད་ཚུལ་ནི། འདི་ལྟར་གང་འདོད་དུ་གད་སྙིགས་བསྲེགས་པའི་བྱ་སྤྱོད་དེས་མཁའ་དབུགས་ལ་སྦགས་བཙོག་བཟོ་བར་མ་ཟད། གྲོང་ཁྱེར་གྱི་བདག་དོམ་བླང་བྱ་དང་ཡང་མི་མཐུན་པས། འབྲེལ་ཡོད་སྡེ་ཁག་གིས་ལྟ་སྐུལ་དོ་དམ་བྱ་བར་ཤུགས་བསྣན་ནས་འདི་ལྟ་བུའི་བྱ་སྤྱོད་མི་ལེགས་པ་དེ་སྔོན་འགོག་བྱེད་དགོས་པའི་རེ་བ་བཏོན་ཡོད།

སྡེ་ཁུལ་གྱིས་བཏབ་པའི་ལན།

གསར་འགོད་པས་གནས་དེའི་གནས་ཚུལ་དེ་གཞིས་ཁུལ་ཡོད་སའི་ཕེན་ཧི་ལམ་སྡེ་ཁུལ་ལ་བཤད་པས། སྡེ་ཁུལ་ལས་བྱེད་མི་སྣས་གསར་འགོད་པ་ལ་བཤད་རྒྱུར། ཁོ་ཚོས་མངའ་ཁོངས་གང་དེའི་མཁར་གྲོང་དོ་དམ་རུ་ཆེན་ལ་འབྲེལ་གཏུགས་བྱས་ཤིང་། འདི་ལྟར་གད་སྙིགས་གང་འདོད་དུ་བསྲེགས་པའི་བྱ་སྤྱོད་ལ་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས། མཁར་གྲོང་དོ་དམ་པས་གཞིས་ཁུལ་བདག་དོམ་ཁྲུའུ་ལ་སྒོར་ཁྲི1གི་དངུལ་ཆད་བཅད།

མཁར་གྲོང་དོ་དམ་ཅུའུ་ཡི་ལས་བྱེད་མི་སྣས་གསར་འགོད་པ་ལ་བཤད་རྒྱུར། གད་སྙིགས་བསྲེགས་པའི་ཆེད་ལས་ཀྱི་དྲོད་ཚད་བླང་བྱ་ཧ་ཅང་མཐོ་ལ། ཐབ་ཀའི་དྲོད་ཚད་ཡང་ངེས་པར་དུ་ཧྲེ་ཧྲི་ཏུའུ900ཡན་ལ་ཐོན་དགོས། དེའི་མི་ཚད་གང་འདོད་དུ་གད་སྙིགས་བསྲེགས་པ་དེས“དུས་རབས་ཀྱི་དུག་རྫས”སྟེ་དུག་དབྱིན་གཉིས་པ་འབྱུང་སླ་ཤིང་། མི་ལུས་ཀྱི་བདེ་ཐང་ཐད་ལ་ཡང་ཉེན་ཁ་བསྐྱེད་སྲིད། དེས་མི་ཚད་དེ་སེལ་དཀའ་ཞིང་ཉུང་ན་ཡང་། དུས་ཡུན་རིང་བོར་མིའི་ལུས་སྟེང་དུ་གསོག་འཇོག་བྱས་ན་ཕལ་ཆེར་ནད་རིགས་འདྲ་མིན་བསྐྱེད་སྲིད། དེ་མིན་མེར་བསྲེགས་པ་ལས་བྱུང་བའི་དུ་བ་དེས་མཁའ་དབུགས་ཀྱི་ས་མུན་སྔར་ལས་ཆེས་ཆེར་བསྐྱེད་པ་དང་ཁོར་ཡུག་ལ་ཡང་ཤུགས་རྐྱེན་མི་ལེགས་པ་བཟོ་ངེས། དེའི་རྐྱེན་གྱིས་གཞིས་ཁུལ་དག་གིས་གད་སྙིགས་གང་འདོད་དུ་བསྲེགས་པའི་བྱ་སྤྱོད་དེ་གཏན་ནས་མི་ཆོག་པ་ཞིག་ཡིན།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།