མང་རྫོང་གིས་མི་དམངས་ཞབས་ཞུར་རོགས་སྒྲུབ་དང་ཚབ་སྒྲུབ་བྱས་པས་ཀུན་གྱིས་བསྟོད་བསྔགས་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། “གསར་དུ་འགྲོ་ལུགས་སྒྲུབ་ནས་བཟོས་པའི་ཐོབ་ཐང་ལག་འཁྱེར་ལག་ལ་འབྱོར་བྱུང་བས། ཁྱོད་ཚོའི་ལས་ཆོད་ལ་ངོ་མ་བསྟོད་པ་བྱ་འོས།” “ཁྱིམ་ཐོ་སྒྲུབ་སའི་སྒེའུ་ཁུང་གིས་བགྲེས་པོ་དག་ལ་སྟབས་བདེ་བསྐྲུན་ཡོད།” ཟླ4པའི་ཚེས13ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་རྫོང་སྤྱི་བདེ་ཅུའུ་ཡི་ཁྱིམ་ཐོ་སྒྲུབ་སའི་སྒེའུ་ཁུང་གི་དམངས་ལ་སྟབས་བདེ་བསྐྲུན་སའི་སྐད་འཕྲིན་ཚོམས་ཀྱི་ཁྲོད། མང་ཚོགས་ཀྱིས་བསྟོད་བསྔགས་ཀྱི་སྐད་ཆ་འདྲ་མིན་མང་པོ་བཤད་བཞིན་ཡོད།

ཟླ4པའི་ཚེས2ཉིན། མང་རྫོང་སུམ་མདོ་གྲོང་རྡལ་གྱི་འབྲོག་པ་ཚེ་རིང་ཐར་གྱིས་ཐོབ་ཐང་ལག་འཁྱེར་ལེན་ཐུབ་པ་མ་ཟད། སྨན་བཅོས་འགན་བཅོལ་དང་འབྲེལ་ཡོད་ཁ་གསབ་སྣ་ཚོགས་ལ་རེ་འདུན་སྙན་ཞུའི་ཡི་གེ་བྲིས་ནས་ཕུལ་རྗེས་དགའ་སྤྲོ་ཆེན་པོ་སྐྱེ་བཞིན་ཡོད།

མང་རྫོང་ལ་ཡུལ་ཚོ་དང་གྲོང་རྡལ6སྟེ། སྲིད་འཛིན་སྡེ་བ75དང་གཞིས་ཁུལ9ཡོད། གཙོ་བོ་ཕྱུགས་ལས་དང་ཞིང་ལས་གཉིས་གཅིག་ལྕོགས་སུ་གཉེར་བཞིན་ཡོད། ཕྱུགས་ལས་ས་ཁུལ་གྱི་རི་བོ་ངོས་གཟར་ཞིང་གྲོག་རོང་ཟབ་པས་འགྲིམ་འགྲུལ་སྟབས་བདེ་མིན། འབྲོག་པ་མང་ཚོགས་མཁར་གྲོང་དུ་འོངས་ནས་དོན་དག་བསྒྲུབ་རྒྱུར་དཀའ་ཁག་ཆེ་བའི་གནས་ཚུལ་འབྱུང་བཞིན་ཡོད། དེ་དང་ཆབས་ཅིག ཡུལ་ཚོ་གྲོང་རྡལ་དང་མཁར་གྲོང་གི་ལོ་ལོན། བུད་མེད་སྦྲུམ་མ་སོགས་དམིགས་གསལ་གྱི་ཚོགས་སྤྱིའི་དོན་དག་སྒྲུབ་དཀའ་བའི་གནས་ཚུལ་དེ་སྔར་ལས་མངོན་གསལ་གྱིས་ཇེ་མང་དུ་འགྲོ་བཞིན་ཡོད་པས། ས་གནས་དེས་ཞབས་ཞུར་བཅོས་སྒྱུར་བྱས་རྗེས་ཁྱིམ་ཐོའི་འགན་སྒྲུབ་སའི་ལས་བྱེད་མི་སྣས་དུས་ཆད་བྱས་ཏེ་དུས་ཚོད་ལྟར་ཕར་ཁྱིམ་ཚང་གི་སྒོ་ཁར་ཞབས་ཞུ་སྒྲུབ་དུ་འགྲོ་བའི་བྱེད་ཐབས་སྤྱད་པ་དང་། དོན་དག་སྒྲུབ་སའི་སྒེའུ་ཁུང་དེ་ཞིང་འབྲོག་མང་ཚོགས་དང་མཁར་གྲོང་གི་དམིགས་གསལ་ཚོགས་སྤྱིའི་ཁྱིམ་ཚང་སོང་ནས་སྒྲུབ་པ་རེད།

མང་རྫོང་སྤྱི་བདེ་ཅུའུ་སུམ་མདོ་གྲོང་རྡལ་མངགས་གཏོང་གི་མི་དམངས་ཉེན་རྟོག་པ་ཝེ་ཡུའུ་ཅུའུ་ཡིས་ལོ་ན70ལ་སོན་པའི་ཚེ་རིང་ཐར་ནད་ཀྱིས་མནར་ནས་མལ་སར་ལྷུང་ཡོད་པ་དང་འཚོ་བར་རང་ལྕོགས་མི་ཐུབ་པ། དེའི་མི་ཚད་ཐོབ་ཐང་ལག་འཁྱེར་མེད་པས་སྨན་བཅོས་འགན་བཅོལ་དང་འབྲེལ་ཡོད་ཁ་གསབ་ལེན་ཐབས་བྲལ་བ། སྨན་བཅོས་རིན་དངུལ་གྱིས་ཁྱིམ་ཚང་གང་དེར་དཔལ་འབྱོར་གྱི་དཀའ་ཁག་ངེས་ཅན་ཞིག་བཟོས་ཡོད་པ་ཤེས་རྟོག་བྱུང་། གནས་ཚུལ་ལ་རྒྱུས་ལོན་བྱུང་རྗེས་ཝེ་ཡུའུ་ཅུའུ་ཡིས་ཚེ་རིང་ཐར་གྱི་ཁྱིམ་མི་ལ་འབྲེལ་གཏུག་བྱས་ཤིང་། ཐོབ་ཐང་ལག་འཁྱེར་བཟོ་རྒྱུར་དགོས་མཁོ་ཆེ་བའི་དོན་ཚན་དག་ལ་ཞིབ་བཤེར་བྱས། ཚེ་རིང་ཐར་གྱི་ནད་ཀྱི་གནས་ཚུལ་ལ་བསམ་བློ་བཏང་སྟེ། ཝེ་ཡུའུ་ཅུའུ་ཡིས་ཁོར་འགོག་མེད་རྒྱུ་ལམ་བཟོས་ནས་ཁྱིམ་ཐོའི་འགན་སྒྲུབ་མི་དམངས་ཉེན་རྟོག་པ་སྒོ་ཁར་འགྲོ་ལུགས་སྒྲུབ་ཏུ་འགྲོ་རུ་བཅུག བྱ་སྤྱོད་འདིར་སུམ་མདོ་གྲོང་རྡལ་རོང་འབྲོག་མང་ཚོགས་ཀྱིས་འཕྲོ་རིམ་འཕྲོར་བསྟོད་བསྔགས་བྱས།

མང་རྫོང་གིས་རང་སྟེང་ནས་དམངས་ལ་སྟབས་བདེ་བསྐྲུན་པའི་དམངས་ཕན་གདོང་མཆོང་ལས་རྐང་གསར་འཛུགས་བྱས་རྗེས། དོན་དངོས་ལ་བརྟེན་ནས་མང་ཚོགས་ལ་རོགས་རམ་བྱས་ཏེ་ཞབས་ཞུ་མང་པོ་ཚབ་སྒྲུབ་བྱས་པ་ནས་བཟུང་ཁྱིམ་ཁ་སྒོ་མྱུལ་སྒོས་ཐོབ་ཐང་ལག་འཁྱེར346ལྷག་སྒྲུབ། རོང་འབྲོག་ཁུལ་གྱི་མང་ཚོགས་མང་ཤོས་ཀྱིས་རྒྱ་སྐད་མི་གོ་བ་དང་སྐད་བརྡའི་བསམ་བློ་བརྗེ་རེས་ཐད་ལ་དཀའ་ཁག་ཆེ་བ། དམངས་ལ་སྟབས་བདེ་དང་ཕན་བདེ་བསྐྲུན་པའི་ལས་བྱེད་མི་སྣའི་གཅིག་ལ་གཅིག་ཁ་གཏད་ཀྱི་ཞབས་ཞུ་སྒྲུབ་ནས། མང་ཚོགས་ལ་སྣེ་ཁྲིད་དེ་རེའུ་མིག་སྐོང་བ་དང་པར་ལེན་པ། ལས་དོན་སྒྲུབ་པ། རིན་དངུལ་སྤྲོད་པ་སོགས་ཀྱིས་ཞབས་ཞུའི་ཐད་ལ་རོགས་རམ་དང་ཚབ་སྒྲུབ་བྱ་བའི་ཕན་འབྲས་མཐོར་འདེགས་སུ་བཏང་། ཕན་འབྲས་མཐོན་པོའི་སྒོ་ནས་མང་ཚོགས་ལ་ཞབས་ཞུ་བསྒྲུབ་ཆེད་ཁྱིམ་ཐོ་འགན་སྒྲུབ་རིན་དངུལ་བསྡུ་ལེན་སྒེའུ་ཁུང་གིས་སྒོར་སིལ་མ་བརྗེས་ས་དང་སྐད་འཕྲིན། དངུལ་ཐད་གཏོང་སོགས་དྲ་རྒྱའི་སྟེང་དངུལ་སྤྲོད་པ་ལས་གཞན། ད་རུང་ལག་སྒོར་སྤྲོད་པ་དང་ལག་སྒོར་བརྗེ་རེས་ཞབས་ཞུ་སོགས་ཀྱིས་རྒན་རྒོན་དག་གིས་རིག་ནུས་སྒྲིག་ཆས་བེད་སྤྱོད་ཐད་ཀྱི་དཀའ་ཁག་ཇེ་དམའ་རུ་བཏང་སྟེ་དཔང་ཡིག་འགན་སྒྲུབ་དུས་ཚོད་ཇེ་ཐུང་དུ་བཏང་། མང་ཚོགས་སྐོར་ཞིག་བྱ་བར་བྲེལ་བ་ཆེ་བ་དང་ཕྱིར་ཞོར་ལས་ལ་སོང་བ་སོགས་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་གཏན་འཁེལ་བྱས་པའི་དུས་ཚོད་ལྟར་ཁྱིམ་ཐོའི་ལས་དོན་སྒྲུབ་མི་ཐུབ་པ། ཕྱི་རྒྱལ་དུ་སོང་ཟིན་པ་སོགས་ཀྱི་ལས་དོན་ཐད་དམངས་ལ་སྟབས་བདེ་བསྐྲུན་པའི་ཞབས་ཞུའི་སྐུད་ལམ་བེད་སྤྱད་དེ། སྐད་འཕྲིན་ཚོམས་བརྒྱུད་དེ་དྲི་བར་ལན་གསལ་བོ་བཏབ་པ་དང་སྒེའུ་ཁུང་ཞབས་ཞུའི་སྟེགས་བུ་ལས་འབྲེལ་གཏུག་བྱེད་ཐབས་གསལ་བོར་འབྲི་བ་སོགས་དམངས་ལ་སྟབས་བདེ་བསྐྲུན་པའི་བྱེད་ཐབས་མང་པོ་སྤེལ་བ་མ་ཟད། ངལ་གསོའི་གུང་གསེང་གི་ཉིན་མོ་ཡང་དུས་ཚོད་བསྲིངས་ནས་ཞབས་ཞུ་མང་པོ་སྒྲུབ་པ་རེད།

ད་ལྟའི་ཆར། མཚོ་ལྷོ་ཁུལ་གྱིས་སྲིད་ཁྲིམས་རུ་དཔུང་ལ་སློབ་གསོའི་དག་ཐེར་བྱེད་སྒོ་སྤེལ་བ་དང་མང་རྫོང་སྤྱི་བདེ་ཅུའུ་ཡིས་ཞབས་ཞུའི་ནུས་པ་མཐོར་འདེགས་སུ་བཏང་སྟེ། དམངས་ཕན་སྟབས་བདེ་གདོང་མཆོང་ལས་རྐང་གསར་འཛུགས་ཀྱིས་རོགས་སྒྲུབ་ཚབ་སྒྲུབ་ཞབས་ཞུ་མཁོ་སྤྲོད་ཀྱིས་མང་ཚོགས་ཀྱིས་བསྒྲུབ་དཀའ་བའི་དོན་དག་དང་ཕྱོགས་མང་པོར་འགྲོ་རྒྱུར་དཀའ་ཁག་ཆེ་བའི་ཐད་ལ་རོགས་རམ་བྱས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།