བརྩེ་སེམས་ཅན་གྱི་ཚོགས་པས་བུ་མོ་ནད་པ་ལ་ཞལ་འདེབས་གནང་པ།

ཟླ4པའི་ཚེས20ཉིན། བརྩེ་སེམས་ཅན་གྱི་ཚོགས་པས་དཔྱི་ཚིགས་རུས་པར་གཅོང་ནད་ཕོགས་པའི་ནད་པ་ལ་རོགས་སྒྲུབ་མ་དངུལ་བསྐྱལ་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ4པའི་ཚེས20ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབའ་རྫོང་འབའ་ལུང་ཡུལ་ཚོ་ཚེར་ནག་ཞོལ་མ་སྡེ་བའི་དཀོན་མཆོག་ཚེ་རིང་ལ་ཞལ་འདེབས་རོགས་དངུལ་སྒོར4000འབྱོར་ལ། འདི་ནི་ཟི་ལིང་གྲོང་ཁྱེར་དམངས་མཐུན་སློབ་འབྲིང་བདུན་པའི་ཀྲི་པུའུ་ཡིས་ཆེད་དུ་ཁོའི་བུ་མོ་གངས་སྒྲོལ་ལ་བསྐྱལ་འོངས་བའི་སྨན་བཅོས་རིན་དངུལ་རེད།

2019ལོར་གངས་སྒྲོལ་གྱི་གློ་བའི་གཅོང་ནད་དེ་མུ་མཐུད་དུ་འཕར་ནས་རུས་པའི་གཅོང་ནད་དུ་གྱུར་ལ། དཔྱི་ཚིགས་གཡོན་པའི་རུས་ཚིགས་ཀྱི་ན་ཟུག་སྔར་ལས་ཇེ་ཆེ་ནས་ཇེ་ཆེར་སོང་། “ཅུང་ཙམ་འགུལ་ཚེ་ན་ཟུག་སྐྱེས་ཤིང་ཡར་ལངས་ནས་འགྲོ་མི་ཐུབ”ཞེས་གངས་སྒྲོལ་གྱིས་བཤད་བྱུང་། གངས་སྒྲོལ་ལ་ནད་འདི་བྱུང་རྗེས་སྨན་འཐུང་མཚམས་བཞག་མ་མྱོང་མོད། འོན་ཀྱང་ནད་སྔར་བཞིན་ཚབས་ཇེ་ཆེ་ནས་ཇེ་ཆེར་འགྲོ་བཞིན་ཡོད།

ན་ནིང་། ཁོ་མོའི་ནད་ཇེ་སྡུག་ལ་སོང་། ན་ནིང་གི་ལོ་མཇུག་ནས་ད་ལོའི་ལོ་སྟོད་བར་སྨན་ཁང་དུ་ཐེངས་གཉིས་ལ་བསྡད་པ་དང་གཤག་བཅོས་ཐེངས་གཉིས་ལ་བྱས། སྔ་གཞུག་ཏུ་སྨན་ཁང་ནང་ཟླ་བ4ལྷག་ལ་ཞག་སྡོད་བྱས།

དཀོན་མཆོག་ཚེ་རིང་གིས་བཤད་རྒྱུར། གཤག་བཅོས་སྔོན་མ་གཉིས་ལ་སྨན་པས་བྱིས་པའི་དཔྱི་ཚིགས་རུས་པའི་གནོད་སྐྱོན་གྱི་ཚད་གཞི་ལ་བལྟས། ཐེངས་འདིར་ཞག་སྡོད་བྱས་ནས་གཙོ་བོ་དཔྱི་ཚིགས་བརྗེས་ནས་ནད་ཀྱི་རྩ་བ་ལེན་རྒྱུ་དེ་ཡིན་པས། སྨན་བཅོས་རིན་དངུལ་ཁྱོན་བསྡོམས་སྒོར་ཁྲི་བཅུ་ལྷག་དགོས། རྩིས་ཞུ་བྱས་རྗེས་ད་རུང་སྒོར་ཁྲི་ལྔ་ཡས་མས་ཤིག་དགོས་ཞེས་བཤད་པས། འདི་ནི་ཁོ་ཚང་ལ་མཚོན་ནས་བཤད་ན་ངོ་མས་དཀའ་ཁག་ཆེན་པོ་ཞིག་རེད།

དཀོན་མཆོག་ཚེ་རིང་གིས་བཤད་རྒྱུར། ཁྱིམ་ཚང་གི་དཔལ་འབྱོར་ཡོང་སྒོ་གཙོ་བོ་ནི་སྤྱི་ཆིངས1.33ཅན་གྱི་གྲོ་ཞིང་དེ་ཡིན། ནམ་རྒྱུན་ཕྱི་རོལ་ཏུ་ཞོར་ལས་ལ་སོང་སྟེ་ཁྱིམ་སྤྱོད་སྐོར་ཞིག་གི་ཁ་གསབ་བྱེད་བཞིན་ཡོད་མོད། འོན་ཀྱང་བྱིས་པ་སྨན་ཁང་དུ་ཞག་སྡོད་བྱས་རྗེས་བྱིས་པ་ལ་བདག་སྐྱོང་བྱེད་ཆེད་ཕྱི་རོལ་ཏུ་ཞོར་ལས་བསྒྲུབ་ལ་འགྲོ་ཐབས་མེད་ཟེར། གངས་སྒྲོལ་ད་ལོ་མཐོ་གསུམ་སློབ་མཐར་ཕྱིན་པས། ཁོ་མོའི་རེ་བ་ནི་ནད་དྲག་རྗེས་མུ་མཐུད་དུ་སློབ་གྲྭར་འགྲོ་རྒྱུ་དེ་རེད།

ཟླ4པའི་ཚེས21ཉིན། གངས་སྒྲོལ་ལ་གཤག་བཅོས་བྱས་རྗེས་འཁར་བར་བརྟེན་ནས་དལ་གྱིས་འགྲོ་བཞིན་པའི་ཁོ་མོས། བརྩེ་སེམས་ཚོགས་པའི་ཁོངས་མི་དག་མཐོང་རྗེས་ཁ་ནས་བཀའ་དྲིན་ཆེ་ཞུས།

“ང་ཚོས་ཁོ་མོའི་གཤག་བཅོས་དེ་ཆེས་གནད་འགག་གི་དུས་སྐབས་ལ་སླེབས་པ་ཤེས་པ་དང་སྨན་བཅོས་རིན་དངུལ་གྱིས་མི་འདང་བས། འཆར་གཞི་ལྟར་ཁོ་མོར་རོགས་རམ་བྱེད་པའི་མ་དངུལ་བསྡུ་རུབ་བྱས་ཏེ་ཁོ་མོའི་འགལ་རྐྱེན་སེལ་བའི་རེ་བ་བཅངས་ཡོད”ཅེས་བརྩེ་སེམས་ཚོགས་པའི་འཐུས་ཚབ་མི་སྣ་ཐའོ་ཀྲིན་ཀའོ་ཡིས་བཤད་བྱུང་།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།