མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཁོངས་གཏོགས་ཡུལ་ནས་ཝ་དམར6དུས་གཅིག་ནང་པར་འདེབས་བྱ་རྒྱུ་བྱུང་།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ། མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་རིམ་པའི་སྟག་རྒོད་བྲག་རོང་བདག་དོམ་ས་ཚུགས་ཀྱི་ལས་བཟོ་པས་དམར་ཕྱིའི་པར་ཆས་ལ་བརྟེན་ནས་ཝ་དམར6མཉམ་འགྲོ་བྱེད་པའི་རིན་ཐང་བྲལ་བའི་བརྙན་ཐུང་ཞིག་པར་དུ་བཏབ། འདྲ་པར་ངོས་སུ་ཝ་དམར་ཨ་མས་འགྲམ་གང་རུང་ཞིག་ཏུ་ཙོག་ཙོག་གིས་དུས་ངེས་མེད་དུ་མགོ་བོ་ཡར་དགྱེ་ནས་ཉེ་འཁོར་གྱི་གྲགས་འགུལ་ལ་ལྟ་རྟོག་བྱེད་བཞིན་ཡོད་ལ། གསར་དུ་བཙས་ནས་དུས་ཡུན་རིང་བོ་འགོར་མེད་པའི་ཝ་དམར་ཕྲུ་གུ5ཉེ་འཁོར་དུ་རྩེད་མོར་གཡེང་བཞིན་ཡོད། ཅུང་མ་འགོར་བས་ཝ་དམར་ཨ་མས་ཕྲུ་གུ་དག་ཁྲིད་དེ་དོང་ནང་དུ་འཛུལ་སོང་།

རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཆེད་མཁས་པས་ངོ་སྤྲོད་བྱས་པ་ལྟར་ན། ཝ་དམར་ལ་བཙའ་ཐེངས་གཅིག་ལ་ཕྲུ་གུ5ནས6བར་ཡོད་ལ། ཆེས་མང་དུས་ཕྲུ་གུ13བཙའ་དུས་ཀྱང་ཡོད། ཕྲུ་གུ་གསར་དུ་བཙའ་དུས་ཝ་དམར་ཕོ་ཡིས་ནམ་རྒྱུན་ཝ་དམར་མོའི་འགྲམ་དུ་སྲུང་ཡོད། གསར་དུ་བཙས་པའི་ཝ་ཕྲུག་གི་སྐྱི་མོ་ནག་ལ་སྤུ་ཧ་ཅང་ཐུང་། དེའི་ཁར་ལུས་པོ་ཉམ་ཞན་དང་ལུས་ཟུངས་ཟད་པས། ལྗིད་ཚད་ལ་ཁེ60ནས90ཙམ་མ་གཏོགས་མེད། ཕྲུ་གུ་བཙས་ཏེ་ཉིན14ནས18འགོར་ན་ད་བཟོད་མིག་འབྱེད་ཐུབ། དུས་སྐབས་འདིར་ཝ་དམར་ཨ་མས་སེམས་པ་རྩེ་གཅིག་གིས་ཕྲུ་གུ་དག་ལ་གཉོར་སྐྱོང་དང་བདག་སྐྱོང་བྱེད་བཞིན་ཡོད་པས་གཏན་ནས་ཁ་མི་འབྲལ། སྐབས་དེར་ཟས་རིགས་ཡོད་ཚད་ཝ་ཕོ་ཡིས་མཁོ་སྤྲོད་བྱེད་བཞིན་ཡོད། ཝ་ཕྲུག་ལ་ནུ་མ་བསྣུན་པའི་དུས་ཡུན་ནི་ཉིན45ཡས་མས་ཤིག་ཡིན་ཟེར།

མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་བདག་དོམ་ཅུའུ་ཡི་འབྲེལ་ཡོད་མི་སྣས་བསྟན་དོན། བརྙན་ཕབ་བྱས་པའི་ཝ་དམར6གི་རི་མོ་འདི་ལས། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་རིམ་པའི་ས་ཁུལ་དུ་ཝ་དམར་གྱི་ཚོགས་སྤྱི་ཅུང་བརྟན་འཇགས་ཡིན་ཞིང་། སྐྱེ་ཁམས་ཁོར་ཡུག་ཉིན་རེ་བཞིན་ཇེ་ལེགས་སུ་འགྲོ་བ་དང་སྐྱེ་དངོས་སྣ་མང་ཅན་དང་སྔར་ལས་ཕུན་སུམ་ཚོགས་པ་མཚོན་ཡོད་ཟེར།

རང་རྒྱལ་ལ་ཝ་རིགས་མི་འདྲ་བ་རིགས3ཡོད་ལ་སོ་སོར་ཝ་དམར་དང་བྲག་ཝ། ཐང་ཝ་བཅས་སོ། །ཉེ་ལམ་ཁྱབ་བསྒྲགས་བྱས་པའི་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོབ་རི་སྐྱེས་སྲོག་ཆགས་ཀྱི་མིང་ཐོ་གསར་པའི་ཁྲོད། ཝ་རིགས་འདི་གསུམ་དུས་མཉམ་དུ་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་རི་དྭགས་གཙོ་བོའི་གྲས་སུ་བཀོད་ཡོད་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།