སྐུ་ཉིད་ཀྱིས་འདི་དག་ཤེས་ཡོད་དམ།༢༠༢༡ལོའི་སྤྱི་ཟླ་༣ཚེས་༡ཉིན་ནས་བཟུང་སྟེ་གཤམ་གསལ་བྱ་སྤྱོད་འདི་དག་ཉེས་ཁྲིམས་དང་འགལ་ཡོད།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས་བཟོ་བཅོས་འཆར་ཟིན(བཅུ་གཅིག)》ཅེས་པ་ད་ལོའི་སྤྱི་ཟླ་༣ཚེས་༡ཉིན་ནས་དངོས་སུ་ལག་ལེན་དུ་བསྟར་ཡོད།གཏན་འབེབས་གསར་པ་འདི་ང་ཚོ་དང་འབྲེལ་བ་དམ་ཟབ་ཡོད་པ་སྟེ།དཔེར་ན།ཉེས་ཆད་ཀྱི་ལོ་ཚད་དམའ་ཤོས་དེ་ལོ་12བར་དམའ་རུ་བཏང་བ་དང་།བུ་མོ་ཆུང་ངུར་ལོག་གཡེམ་བྱས་ན་སྲོག་ཁྲིམས་གཅད་ཆོག་པ།གཞན་གྱི་ཚབ་བྱས་ཏེ་སློབ་གྲྭར་ཞུགས་ནས་ལས་ཀར་ཞུགས་པ་སོགས་ཉེས་ཆད་ནང་དངོས་སུ་ཚུད་པ།སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བསྒྱུར་ས་དང་མཐོ་ས་ནས་དངོས་འཕངས་པ་དང་ཉེན་རྟོག་པར་འཇབ་རྒོལ་བྱས་པའི་ནག་ཉེས་སོགས་དངོས་སུ་གཏན་འབེབས་གནང་ཡོད།

ཆེས་དམའ་བའི་ཉེས་དོན་འགན་འཁྲིའི་ལོ་ཚོད་དེ་ལོ་12ལ་མར་བབས་པ།

རང་ལོ་འཁོར་མོ་བཅུ་གཉིས་ལ་སོན་ཞིང་བཅུ་བཞིར་མ་ལོན་པའི་མིས་བསམ་བཞིན་དུ་མི་བསད་པ་དང་བསམ་གཟས་ནས་རྨས་སྐྱོན་བཏང་བའི་ནག་ཉེས།མི་སྲོག་བཅད་པའམ་ཧ་ཅང་གདུག་རྩུབ་སྒོས་མི་ལ་རྨས་སྐྱོན་ཚབས་ཆེན་བཟོས་ནས་དབང་པོ་སྐྱོན་ཅན་ཞེ་དྲག་ཆགས་པ།ཉེས་ཚབས་ཆེན་པོ་བསྐྱེད་པའི་ནག་ཉེས་ལ་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཁྲིམས་སྦྱོར་བདའ་འདེད་ཀྱི་ཆོག་མཆན་ཐོབ་རྗེས་ཉེས་དོན་འགན་འཁྲི་བདའ་འདེད་བྱ་རྒྱུ།

ལོ་ན་མ་སོན་པའི་བུ་མོ་དང་ཆགས་པ་སྤྱད་ན་ཁྲིམས་ཐག་གཅད་རྒྱུ།

རང་ལོ་བཅུ་བཞི་ལ་སོན་ཞིང་བཅུ་དྲུག་མ་ལོན་པའི་ནར་མ་སོན་པའི་བུད་མེད་ལ་ལྟ་སྐྱོང་དང་གཉོར་སྐྱོང་།སློབ་གསོ་དང་སྨན་བཅོས་སོགས་ཀྱི་འགན་འཁྲི་དམིགས་བསལ་པ་ཡོད་པའི་མི་སྣས་དེ་གའི་ལོ་ན་མ་སོན་པའི་བུད་མེད་དང་འཁྲིག་སྤྱོད་བྱས་བ་ལ་ལོ་གསུམ་མན་གྱི་དུས་བཀག་བཙོན་འཇུག་དང་།ཉེས་ཚབས་ཆེན་པོ་བསྐྱེད་པ་ལ་ལོ་གསུམ་གྱི་ཡན་དང་ལོ་བཅུ་མན་གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་གཅད་རྒྱུ།

རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་འགན་སྲུང་བྱ་རྒྱུ།

འགོས་ནད་འགོག་བཅོས་སྐོར་གྱི་བཅའ་ཁྲིམས་ཀྱི་གཏན་འབེབས་དང་འགལ་ཏེ།རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་དང་ནད་རིགས་སྔོན་འགོག་ཚོད་འཛིན་ལས་ཁུངས་ཀྱིས་འགོས་ནད་འགོག་བཅོས་སྐོར་གྱི་ཁྲིམས་ལྟར་བཏོན་པའི་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་ལག་ལེན་དུ་མ་བསྟར་བའི་གནས་ཚུལ་གྱིས་རིམས་ནད་ཀ་པའི་རིགས་བསླངས་པ།དེ་བཞིན་ཁྲིམས་ལྟར་རིམས་ནད་རིགས་ཀ་པ་སྔོན་འགོག་དང་།ཚོད་འཛིན་བྱེད་ཐབས་ལག་ལེན་དུ་བསྟར་བའི་རིམས་ནད་མཆེད་པའམ་ཡང་ན་མཆེད་ཉེན་ཚབས་ཆེན་བསྐྱེད་པའི་རིགས་ལ་དུས་བཀག་བཙོན་འཇུག་ལོ་གསུམ་མན་ནམ་བཙན་ཉར་གྱི་ཉེས་ཆད་གཅད་རྒྱུ།མཇུག་འབྲས་ཚབས་ཆེན་བསྐྱེད་པ་ལ་དུས་བཙོན་ལོ་གསུམ་ཡན་ནས་ལོ་བདུན་མན་གྱི་ཉེས་ཆད་གཅད་རྒྱུ།

མིང་བརྫུས་ཁ་བསླུས་ཉེས་བར་རྡུང་རྡེག་གཏོང་བ།

མི་གཞན་གྱི་ཐོབ་ཐང་རྐུ་འཁྱེར་དང་བརྫུས་སྤྱོད་བྱས་ནས་མི་གཞན་གྱི་ཚབ་བྱས་ཏེ་མཐོ་རིམ་སློབ་གཉེར་བརྒྱུད་རིམ་གྱི་སློབ་གསོའི་སློབ་ཞུགས་ཐོབ་ཐང་།གཞུང་ཞབས་པ་བསྡུ་བའི་ཐོབ་ཐང་།ལས་ཞུགས་བཀོད་སྒྲིག་གི་ཐོབ་ཐང་བཅས་ཐོབ་པའི་རིགས་ལ་དུས་བཙོན་ལོ་གསུམ་མན་དང་བཙན་ཉར་རམ་རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་གཅད་རྒྱུ་དང་དངུལ་ཆད་གཅིག་ལྕོགས་སུ་གཅད་རྒྱུ།

སྔོན་གཤེགས་དཔའ་བོར་དམའ་འབེབས་དང་སྐུར་འདེབས་བྱས་ན་ཉེས་ཆད་གཅད་རྒྱུ།

སྔོན་གཤེགས་དཔའ་བོའི་མཚན་དང་སྙན་གྲགས་ལ་བསྙད་འདོགས་དང་སྐུར་འདེབས།ཡང་ན་བྱེད་སྟངས་གཞན་པ་བརྒྱུད་ནས་གནོད་འཚེ་བཏང་བ་དང་།སྤྱི་ཚོགས་ཀྱི་སྤྱིའི་ཁེ་ཕན་ལ་གནོད་འཚེ་བཏང་བའི་ཉེས་ཚབས་ཆེ་བའི་རིགས་ལ་དུས་བཙོན་ལོ་གསུམ་མན་དང་།བཙན་ཉར།རྩིས་སྤྲོད་དོ་དམ་བཅས་སམ་ཆབ་སྲིད་ཀྱི་ཁེ་དབང་འཕྲོག་པའི་ཉེས་ཆད་གཅད་རྒྱུ།

ཉེན་རྟོག་པར་འཇབ་རྒོལ་བྱས་པའི་ནག་ཉེས་དངོས་སུ་གཏན་འབེབས་གནང་བ།

ཁྲིམས་ལྟར་འགན་སྒྲུབ་གནང་བཞིན་པའི་མི་དམངས་ཉེན་རྟོག་པར་དྲག་ཤུགས་ཀྱིས་འཇབ་རྒོལ་བྱས་བའི་རིགས་ལ་དུས་བཙོན་ལོ་གསུམ་མན་ནམ་བཙན་ཉར་རམ་རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་གཅད་རྒྱུ།མེ་མདའ་དང་བཀག་སྡོམ་བྱས་ཡོད་པའི་གྲི་ཆས།ཡང་ན་འཕྲུལ་སྒུལ་འཁོར་ལོ་བཏང་ནས་རྡབ་རྡེག་བཏང་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་མི་ལུས་བདེ་འཇགས་ལ་ཉེན་ཁ་ཚབས་ཆེན་བཟོས་པའི་རིགས་ལ་དུས་བཙོན་ལོ་གསུམ་ཡན་ནས་ལོ་བདུན་མན་བར་གྱི་ཉེས་ཆད་གཅད་རྒྱུ།

ཁ་ལོ་བ་དང་ཁ་སྒྱུར་འཁོར་ལོ་འཕྲོག་རེས་བྱེད་པ་ཉེས་ཁྲིམས་སུ་ཚུད་པ།

འཁོར་གཏོང་ཡོད་པའི་སྤྱི་སྤྱོད་འགྲིམ་འགྲུལ་ཡོ་བྱད་ཀྱི་ཁ་ལོ་བར་བཙན་ཤུགས་སམ་ཡང་ན་བཙན་གྱིས་འཁོར་སྒྱུར་གནང་སྟེ།སྤྱི་སྤྱོད་འགྲིམ་འགྲུལ་ཡོ་བྱད་ཀྱི་རྒྱུན་ལྡན་འཁོར་སྤྱོད་ལ་འགོག་རྐྱེན་བཟོས་ནས་སྤྱིའི་བདེ་དོན་ལ་ཉེན་ཁ་བཟོས་པའི་རིགས་ལ་དུས་བཙོན་ལོ་གཅིག་མན་ནམ་བཙན་ཉར་རམ་རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་གཅད་རྒྱུ་དང་དངུལ་ཆད་གཅིག་ལྕོགས་སུ་གཅད་རྒྱུའམ་གཅིག་པུར་གཅད་རྒྱུ།

མཐོ་ས་ནས་དངོས་བོ་གཡུགས་པ་ཉེས་ཁྲིམས་སུ་ཚུད་པ།

ཐོག་ཁང་བཟོ་བཀོད་དམ་བར་སྣང་ནས་དངོས་རྫས་འཕངས་ཏེ་ཉེན་ཚབས་ཆེ་བའི་རིགས་ལ་དུས་བཙོན་ལོ་གཅིག་མན་ནམ་བཙན་ཉར་རམ་རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་གཅད་རྒྱུ་དང་།དངུལ་ཆད་གཅིག་ལྕོགས་སུ་གཅད་རྒྱུའམ་གཅིག་པུར་གཅད་རྒྱུ།

སྐམ་སའི་རི་སྐྱེས་སྲོག་ཆགས་རྔོན་ནས་ཟ་བ་ལ་ཉེས་ཆད་གཅད་རྒྱུ།

ཉེས་ཁྲིམས་ཀྱི་དོན་ཚན་སུམ་བརྒྱ་ཞེ་གཅིག་པར་ནང་གསེས་དོན་ཚན་གཅིག་བསྣན་ནས་ནང་གསེས་དོན་ཚན་གསུམ་པར་གཏན་ལ་བབས་པ་སྟེ།རི་སྐྱེས་སྲོག་ཆགས་སྲུང་སྐྱོང་དང་དོ་དམ་བྱེད་ཕྱོགས་སྐོར་གྱི་ཁྲིམས་སྲོལ་དང་འགལ་ནས།ཁྲིམས་འགལ་སྒོས་ནང་གསེས་དོན་ཚན་དང་པོའི་གཏན་འབེབས་ནང་ཚུད་མེད་པའི་རི་སྐྱེས་སྲོག་ཆགས་རྔོན་པ་དང་།ཉོ་སྒྲུབ་བྱེད་པ།དབོར་འདྲེན་དང་ཕྱིར་འཚོང་བཅས་བྱས་ནས་ཉེས་ཚབས་ཆེ་བའི་རིགས་ལ་གོང་གསལ་ནང་གསེས་དོན་ཚན་གྱི་གཏན་འབེབས་ལྟར་ཉེས་ཆད་གཅད་རྒྱུ། རྒྱལ་ཁབ་ཀྱི་གཏན་འབེབས་དང་འགལ་ཏེ་ཕྱི་ནས་འོང་བའི་དངོས་རིགས་ཁྲིམས་འགལ་གྱིས་ནང་འདྲེན་དང་གློད་གཏོང་།ཕྱི་འདོར་བཅས་བྱས་པའི་ཉེས་ཚབས་ཆེ་བའི་རིགས་ལ་དུས་བཙོན་ལོ་གསུམ་མན་ནམ་བཙན་ཉར་གྱི་ཉེས་ཆད་གཅད་རྒྱུ་དང་དངུལ་ཆད་གཅིག་ལྕོགས་སུ་གཅད་རྒྱུའམ་གཅིག་པུར་གཅད་རྒྱུ།

སྤུས་ཞན་སྨན་རྫས་བཟོ་ཚོང་བྱས་པ་སྨན་རྫུན་མ་བཟོ་འཚོང་བྱས་པ་ལྟར་ཆད་པ་གཅད་རྒྱུ།

སྤུས་ཞན་སྨན་རྫས་ཐོན་སྐྱེད་དང་བྲིན་འཚོང་བྱས་ནས་མི་ལུས་བདེ་ཐང་ལ་གནོད་སྐྱོན་ཚབས་ཆེན་བཟོས་བའི་རིགས་ལ་དུས་བཙོན་ལོ་གསུམ་ཡན་ནས་ལོ་བཅུ་མན་གྱི་ཉེས་ཆད་གཅད་རྒྱུ་དང་།དངུལ་ཆད་གཅིག་ལྕོགས་སུ་གཅད་རྒྱུ།མཇུག་འབྲས་ཚབས་ཆེན་བཟོས་བའི་རིགས་ལ་དུས་བཙོན་ལོ་བཅུ་ཡན་ནམ་ཚེ་བཙོན་གྱི་ཉེས་ཆད་གཅད་རྒྱུ་དང་དངུལ་ཆད་དམ་རྒྱུ་ནོར་གཞུང་བཞེས་ཀྱི་ཉེས་ཆད་གཅིག་ལྕོགས་སུ་གཅད་རྒྱུ།

ཁྲིམས་འགལ་སྒོས་རྒྱུད་རྒྱུ་རྩོམ་སྒྲིག་བྱས་པ་སོགས་སྤྱོད་ལམ་ནག་ཉེས་སུ་གྲུབ།

རྒྱུད་རྒྱུ་རྩོམ་སྒྲིག་དང་རྒྱུད་བཤུས་བྱས་པའི་མིའི་རིགས་ཀྱི་སྦྲུམ་རྟེན་མི་དང་སྲོག་ཆགས་ཀྱི་ཁོག་ལ་བཅུག་པའམ་རྒྱུད་རྒྱུ་རྩོམ་སྒྲིག་དང་རྒྱུད་བཤུས་བྱས་བའི་སྲོག་ཆགས་ཀྱི་སྦྲུམ་རྟེན་མི་ལུས་བཅུག་སྟེ་ཉེས་ཚབས་ཆེ་བའི་རིགས་ལ་དུས་བཙོན་ལོ་གསུམ་མན་ནམ་བཙན་ཉར་ལས་བསྐུལ་གྱི་ཉེས་ཆད་གཅད་རྒྱུ་དང་དངུལ་ཆད་གཅིག་ལྕོགས་སུ་གཅད་རྒྱུ། ཉེས་ཚབས་ཤིན་ཏུ་ཆེ་རིགས་ལ་དུས་བཙོན་ལོ་གསུམ་ཡན་ནས་ལོ་བདུན་མན་གྱི་ཉེས་ཆད་གཅད་རྒྱུ་དང་དངུལ་ཆད་གཅིག་ལྕོགས་སུ་གཅད་རྒྱུ།

རྩོམ་དབང་ལ་གནོད་འཚེ་བཏང་བའི་བྱས་ཉེས་ལ་ཁྲིམས་གཅོད་ནན་མོ་བྱ་རྒྱུ། རྩོམ་གྱི་བདག་དབང་ཡོད་མཁན་གྱི་མོས་མཐུན་མ་ཐོབ་པར་ཁེ་བཟང་རག་རྒྱུ་བསམ་ནས་འདྲ་བཟོས་འགྲེམས་སྤེལ་བྱས་པ་དང་།ཆ་འཕྲིན་དྲ་བ་བརྒྱུད་ནས་སྤྱི་དམངས་ལ་དེའི་རྩོམ་ཡིག་དང་།རོལ་མོ།མཛེས་རྩལ།སྒྲུ་ཟློས་བརྙན་ཟློས་བརྩམས་ཆོས།རྩིས་འཕྲུལ་མཉེན་ཆས།དེ་བཞིན་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་རྩོམ་རིགས་གཞན་དག་སོགས་ཁྱབ་སྤེལ་བྱས་ནས་ཁྲིམས་འགལ་གྱི་ཐོབ་ཆའི་གྲངས་འབོར་ཅུང་ཆེ་བའམ་ཡང་ན་ཉེས་ཚབས་ཆེ་བའི་གནས་ཚུལ་གཞན་དག་ཡོད་རིགས་ལ་དུས་བཙོན་ལོ་གསུམ་མན་གྱི་ཉེས་ཆད་གཅད་རྒྱུ་དང་དངུལ་ཆད་གཅིག་ལྕོགས་སུ་གཅད་རྒྱུའམ་གཅིག་པུར་གཅད་རྒྱུ།ཁྲིམས་འགལ་གྱི་ཐོབ་ཆའི་གྲངས་འབོར་ཧ་ཅང་ཆེ་བའམ་ཉེས་ཚབས་ལྷག་པར་ཆེ་བའི་གནས་ཚུལ་གཞན་དག་ཡོད་རིགས་ལ་དུས་བཙོན་ལོ་གསུམ་ཡན་ནས་ལོ་བཅུ་མན་བར་གྱི་ཉེས་ཆད་གཅད་རྒྱུ་དང་དངུལ་ཆད་གཅིག་ལྕོགས་སུ་གཅད་རྒྱུ།

ལོ་ཙཱ་བ། རྡོ་རྗེ་ཚེ་བརྟན།