【ལོ་བརྒྱའི་འབད་འཐབ་ལམ་དུ་རྒྱང་བསྐྱོད་གསར་པའི་འགོ་བརྩམས། 】བློ་གདེང་དྲག་པོས་བརྟས་པའི་སྣང་རའི་ལོ་ཟླ།

རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ས་ཚིགས་སྣང་རའི་དཔོན་ཚང་།

འདི་ནི་ལོ་རྒྱུས་ཀྱི་བགས་སུ་ཉལ་བའི་བརྗེད་ཐབས་མེད་པའི་གཏམ་རྒྱུད་ཅིག་གོ །

འདི་ནི་བརྗིད་ཉམས་དོད་ཅིང་སྤྱིར་བཏང་མ་ཡིན་པའི་ལོ་རྒྱུས་ཀྱི་འདས་དོན་ཞིག་གོ །

འདི་ནི་ལོ་རྒྱུས་འཕེལ་འགྱུར་གྱི་དཔང་བོར་གྱུར་བའི་སྐུ་དྲག་གི་གཞིས་ཀ་ཞིག་གོ །

རྨ་ལྷོ་བོད་རིགས་སྐྱོང་ཁུལ་གཅན་ཚ་རྫོང་གི་མར་ཁུ་ཐང་གྲོང་རྡལ་ནས་ལེ་དབར9ཡི་མཚམས་ན་སྣང་ར་ཡུལ་ཚོ་ཡོད། དེར་མཚོ་སྔོན་དང་ཐ་ན་ཨ་མདོ་ས་ཁུལ་དུ་སོར་འཇོག་བྱས་པ་ཧ་ཅང་ཆ་ཚང་བའི་སྐུ་དྲག་གི་གཞིས་ཀ་སྟེ་སྣང་རའི་སྟོང་དཔོན་གྱི་གཞིས་ཀ་ཡོད།

དུས་རབས་སྔོན་མའི་ལོ་རབས་ལྔ་བཅུ་པའི་མགོར་ཡུལ་འདི་ནས“མེང་ཧའོ་འདུལ་གློད་ཐེངས་བདུན”ལས་ཀྱང་མཚར་བའི་གཏམ་རྒྱུད་ཅིག་བྱུང་ནས་བཅིངས་གྲོལ་བཏང་རྗེས་ཀྱི་རང་རེའི་ཏང་གི་མི་རིགས་འཐབ་ཕྱོགས་གཅིག་གྱུར་གྱི་སྲིད་ཇུས་ནུབ་བྱང་ས་ཁུལ་དུ་ལམ་ལྷོང་བྱུང་བའི་ལག་ལེན་ཐེངས་ཤིག་ཡིན། ད་ལྟ་གནའ་བོའི་བཟོ་བཀོད་མ་ཉམས་པའི་སྐུ་དྲག་གི་གཞིས་ཀ་འདིར་ལྷགས་ཏེ། ལོ་རྒྱུས་ཀྱི་རྡོག་སྒྲ་དེ་ལ་ལན་ཅིག་ཉན་དུས་དྲན་འཛིན་ཡིད་ཀྱི་དབང་པོའང་བཅིངས་གྲོལ་བྱས་མ་ཐག་པའི་སྐབས་ཀྱི་སྤྱིར་བཏང་མ་ཡིན་པའི་འདས་སོང་གི་ལོ་ཟླ་དེའི་ཕྱོགས་སུ་ཤོར་འགྲོ།

གསར་བརྗེའི་ལོ་རྒྱུས་སེམས་ཁུང་དུ་ཉར།

1949ལོའི་ཟླ5ཚེས9ཉིན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བྱེས་འཐབ་དམག་སྡེ་དང་པོས་ནུབ་བྱང་གི་ཡུལ་ཕྱོགས་འདི་བཅིངས་འགྲོལ་བྱེད་འགོ་བརྩམས། དུས་དེར་ནུབ་བྱང་ས་ཁུལ“ནུབ་བྱང་མཱ་ཚོགས”ཀྱིས་དབང་དུ་བསྡུས་ནས་ཆབ་སྲིད་མུན་ནག་གི་ཀློང་ན་གནས་ཤིང་། དཔལ་འབྱོར་ཉམས་དམས་ལ་དམངས་ཀྱི་འཚོ་བ་དཀའ་སྡུག་ལ་སྦྱར་ནས་ཡོད། ཟླ8པར། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་བྱེས་འཐབ་དམག་སྡེ་དང་པོས་ཀན་སུའུ་ལན་གྲུ་ནས་རྒྱལ་དམངས་ཏང་གི་དམག་སྡེར་རྒྱལ་ཕམ་གྱི་འཐབ་རྩོད་བཤམ་རྒྱུའི་ཇུས་ཐག་བཅད། ཚེས21ཉིན་རྒྱལ་དམངས་ཏང་ལ་དཔུང་འཇུག་བྱས་པར་ཕམ་ཁ་བྱུང་། ཟླ8ཚེས25ཉིན་སླར་ཡང་དཔུང་འཇུག་དྲག་པོ་བྱས་པར་ཚེས26ཉིན་གྱི་ཆུ་ཚོད12ཐོག་དགྲ་བོ་རྩ་མེད་དུ་བཟོས་ཏེ་ལན་གྲུ་བཅིངས་འགྲོལ་བྱས། དེ་ནི་ནུབ་བྱང་ཕྱོགས་ཀྱི་ཡུལ་ཆེན་པོ་འདི་བཅིངས་འགྲོལ་བཏང་བའི་བརྒྱུད་རིམ་ཁྲོད་ཀྱི་ཆེས་གནད་འགག་གི་འཐབ་རྩོད་ཅིག་གོ །

ལན་གྲུ་གཡུལ་འཁྲུག་གིས་རྒྱལ་དམངས་ཏང་གི་མཱ་ཅ་ཅུན། ཧུའུ་ཙུང་ནན་གཉིས་ཀྱིས་ལོ་ངོ40ལྷག་རིང་ལ་དབང་བསྒྱུར་པའི་ནུབ་བྱང་གི་སྟོབས་ཤུགས་ཆེན་པོ་གཏོར་བཤིག་བཏང་བར་མ་ཟད། མཚོ་སྔོན་དང་ཉིང་ཞ། རྨ་ནུབ་ཁྱམས་རིང་བཅས་སུ་དམག་བཏང་ནས་ནུབ་བྱང་ས་ཁུལ་ཡོངས་བཅིངས་འགྲོལ་གཏོང་བར་རྨང་གཞི་བཏིངས། ཕྱིས་བཅིངས་འགྲོལ་དམག་གི་རུ་དཔུང་ཐོག་རྒོད་འཁྱུག་ལྟར་མུ་མཐུད་དུ་ཟི་ལིང་གི་ཕྱོགས་སུ་བསྐྱོད།

ཟླ8ཚེས28ཉིན་ནས་བཟུང་། སྔ་རྗེས་སུ་གཞོང་ཐང་དང་། བ་ཡན་གཉིས་བཅིངས་འགྲོལ་བྱས་རྗེས་ཐད་ཀར་ཟི་ལིང་དུ་གཡུལ་བཤམས། ལམ་དུ་རྒྱལ་དམངས་ཏང་གི་སྲུང་དམག་རྣམས་སྙིང་ཞུམ་བག་འཁུམས་ནས་བྲོས་འཐོར་དུ་སོང་། ཟླ9པའི་ཚེས5ཉིན་བྱེས་འཐབ་དམག་གི་དམག་སྡེ་དང་པོས་ཟི་ལིང་བཅིངས་འགྲོལ་བྱས། ཟླ9པའི་ཟླ་དཀྱིལ་དུ་མཚོ་སྔོན་ས་ཁོངས་ཡོངས་ལ་བཅིངས་འགྲོལ་ཐོབ་ནས་ལོ་རྒྱུས་ཀྱི་ལེའུ་གསར་པའི་མགོ་བརྩམས་སོ། །

བཅིངས་འགྲོལ་འཐོབ་པའི་སྤྲོ་སྣང་ཚད་མེད།

བཅིངས་འགྲོལ་མ་བྱས་སྔོན་སྣང་རའི་སྟོང་དཔོན་གྱི་དཔོན་རབས་བདུན་པ་དབང་ཆེན་དོན་འགྲུབ་ཀྱིས་རང་གི་ཁེ་ཕན་དང་ས་གནས་ཀྱི་དགེ་མཚན་གཉིས་ལ་བརྟེན་ནས་རང་སྲུང་རུ་ཤོག་བཙུགས་ཤིང་མཚོན་ཆའི་མཐུན་རྐྱེན་སྦྱར་བས། སྐབས་དེའི་མཚོ་སྔོན་ལྷོ་ཕྱོགས་ས་ཁུལ་ན་སྟོབས་ཤུགས་ལ་འགྲན་ཟླ་མེད་པའི་ཚོ་བའི་དྲག་ཆས་ཤིག་ཏུ་གྱུར་ཡོད། དུས་དེར་དབང་ཆེན་དོན་འགྲུབ་དང་མཱ་པུ་ཧྥང་གི་མཐོ་རིམ་དམག་དཔོན་མཱ་ལའོ་ཝུའུ། ཡ་རྫི་རྫོང་རྐང་ཚ་ཚོ་བའི་ཚོ་དཔོན་རྫོང་བུ་རྒྱལ་ལོ་བཅས་གྲོགས་པོ་ཡིན་ཞིང་། དེ་དག་གི་ངན་སྐུལ་དང་ཕྱོགས་ཁའི་འཐེན་འཁྱེར་འོག་བློ་ཁ་སོམ་ཉིའི་ངང་དུ་ལུས་ཡོད།

བཅིངས་འགྲོལ་གྱི་རྗེས། ཞིང་ཆེན་ཡོངས་ཀྱི་གསར་བརྗེའི་ངོ་རྒོལ་པའི་ཟིང་འཁྲུག་དུ་མ་ཞི་འཇགས་སུ་བཏང་ནའང་། སྐབས་དེར་ཤུལ་དུ་ལུས་པའི་ཇག་རྐུན་འགའ་ལྐོག་ཏུ་སྣང་ར་ས་ཆར་བྲོས་བྱོལ་དུ་འབྱོར་རྗེས་དབང་ཆེན་དོན་གྲུབ་ལ་མི་དམངས་སྲིད་གཞུང་ལ་ཁ་གཏད་གཞལ་དགོས་པའི་ངན་སྐུལ་བྱས། དབང་ཆེན་དོན་གྲུབ་ཀྱིས་གསར་བརྗེའི་ངོ་རྒོལ་ཚོགས་པ་སྟེ“ཀྲུང་གོ་རྒྱལ་དམངས་ཏང་ནུབ་བྱང་གསར་བརྗེ་ཨུ་ཡོན་ལྷན་ཚོགས”ཀྱི་ཨུ་ཡོན་དང་། “གུང་རྒོལ་རྒྱལ་སྐྱོབ་དམག”གི་དམག་སྡེ་གཉིས་པའི་དམག་དཔོན་གྱི་འགན་ཁུར་ཞིང་། ཚོ་བའི་དམག་དམངས2100ལྷག་ཡོད་པར་མེ་མདའ་དང་མེ་བོའུ། གདོང་མཆོང་མེ་མདའ། བརྒྱད་གཉིས་མེ་སྒྱོགས། མདའ་ཐུང་། རལ་གྲི། མདའ་མདུང་སོགས་མཚོན་ཆ་བརྒྱ་ཕྲག་ལྷག་གི་དྲག་ཆས་སྤྲས།

ལོ་ངོ་གཉིས་ལྷག་གི་རིང་ལ། དབང་ཆེན་དོན་འགྲུབ་དང“མཚོ་སྔོན་གྱི་མཱ་ཚོགས”གཉིས་ཀྱིས་དཔུང་བ་མཉམ་གཤིབ་སྒོས་བཅིངས་འགྲོལ་དམག་གི་སྡོད་ཡུལ་དང་མི་དམངས་སྲིད་གཞུང་གི་དྲག་ཆས་རུ་ཁག་ལ་དཔུང་འཇུག་བྱས་ནས་སྤྱི་ཚོགས་ལ་གཏོར་བརླག་ཚབས་ཆེན་བཏང་བའི་མི་ཚད། སྣང་རའི་ཉེ་འཁོར་གྱི་ས་གནས་མང་ཚོགས་ལ་ཆག་འཇིག་ཆེན་པོ་བཟོས།

དེར་བརྟེན། མཚོ་སྔོན་དམག་སྲིད་ཨུ་ཡོན་ལྷན་ཁང་དང་སྤྱི་ཚོགས་ལས་རིགས་ཁག་གི་འཐུས་མིའི་མོས་འདུན་ལྟར་སྣང་རའི་སྟོང་དཔོན་གྱི་དྲག་ཆས་སྟོབས་ཤུགས་ལ་དམག་དོན་གྱི་ངོས་ནས་དཔུང་འཇུག་བྱ་རྒྱུ་བྱས་མོད། སྐབས་དེར་ནུབ་བྱང་ཅུས་ཀྱི་ཧྲུའུ་ཅི་ཞི་ཀྲུང་ཞུང་གིས་ཆེད་དུ་གྲོས་མི་མངགས་ཏེ་སྣང་རའི་གནད་དོན་དེ་ཐོག་མཐའ་བར་གསུམ་དུ་ཞི་བས་བཅིངས་འགྲོལ་གྱི་ལམ་ནས་ཐག་གཅོད་དགོས་པ་བསྟན། ཞི་ཀྲུང་ཞུང་གི་སེམས་སུ། སྣང་རའི་ངོ་ལོག་ཟིང་འཁྲུག་ཐག་གཅོད་ཡང་དག་དགོས་ན་སྣང་རའི་བོད་རིགས་སྤུན་ཟླར་བཅིངས་འགྲོལ་འཐོབ་པར་འབྲེལ་བ་ཆེན་པོ་ཡོད་ལ། ལྷག་པར་གུང་ཁྲན་ཏང་འདི་བོད་རིགས་ས་ཁུལ་གཞན་དག་དང་མི་རིགས་གྲངས་ཉུང་ས་ཁུལ་དུ་རྐང་ཚུགས་ཐུབ་མིན་དང་། མི་དམངས་ཀྱི་སྲིད་དབང་འཛུགས་ཐུབ་མིན། གསར་བརྗེའི་ལས་ཀ་སྤེལ་ཐུབ་མིན་བཅས་ལ་འབྲེལ་བ་དམ་པོ་ཡོད་པར་མ་ཟད། ཀན་སུའུ་དང་། སི་ཁྲོན། ཁམས་ཕྱོགས། ཐ་ན་བོད་ལྗོངས་བཅིངས་འགྲོལ་བཅས་ལ་དོན་སྙིང་ཆེན་པོ་ལྡན་པར་འདོད།

དམར་པོའི་དད་འདུན་གྱི་བློ་རྩ་ཇེ་བརྟན་དུ་བཏང་བ།

ངོ་ལོག་ཟིང་འཁྲུག་ཞི་འཇགས་ཀྱི་འཐབ་རྩོད་ཁྲོད་དུ་དམངས་སེམས་འཁྲུག་པའི་དམག་དོན་དཔུང་འཇུག་སྟ་གོན་བྱེད་སྒང་ལ། ཀྲུང་གུང་ནུབ་བྱང་ཅུས་ཀྱི་ཧྲུའུ་ཅི། ནུབ་བྱང་དམག་ཁུལ་གྱི་སྲིད་ཨུའི་འགན་བཞེས་པའི་ཞི་ཀྲུང་ཞུང་གིས་སེམས་སུ་རྒྱལ་དམངས་ཏང་གི་ལྷག་མར་ལུས་པའི་ཇག་རྐུན་དང་རང་ཏང་ལ་དོགས་ཟོན་ཆེ་བའི་བོད་ཀྱི་གོང་རིམ་མི་སྣ་གཉིས་སོ་སོར་ཕྱེ་སྟེ། ཆབ་སྲིད་ཀྱི་ལངས་ཕྱོགས་ལ་བརྩོན་ལེན་དང་། ངོ་ལོག་ཚོགས་པ་རྩ་གཏོར་དུ་གཏང་དགོས་སྙམ་ནས། ཕྱོགས་གཅིག་ནས་མའོ་ཀྲུའུ་ཞི་དང་ཏང་ཀྲུང་དབྱང་ལ་སྙན་སེང་ཕུལ་ནས་འབྲེལ་ཡོད་ཐབས་ཇུས་ལ་མཆན་བཀོད་མཛུབ་སྟོན་བྱེད་དུ་བཅུག ཕྱོགས་གཅིག་ནས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་མཚོ་སྔོན་ཞིང་ཆེན་དམག་ཁུལ་གྱི་མགོ་ཁྲིད་རྣམས་ལ་ངོ་ལོག་ཟིང་འཁྲུག་གི་གནད་དོན་འདི་ཐག་གཅོད་དགོས་ན་ངེས་པར་དུ་གྲོས་མོལ་གྱི་ལམ་ནས་ཐག་གཅོད་དགོས་པ་ལས“གཏན་ནས་དམག་ཤུགས་བཀོལ་མི་རུང”བའི་སློབ་སྟོན་མཛད།

སློབ་གསོ་རྒྱག་པ། 

དེར་བརྟེན། གོ་བསྐོན་བློ་འགུགས་ཀྱི་སྒོ་ནས་དབང་ཆེན་དོན་འགྲུབ་ཀྱི་བློ་ཁ་ཏང་གི་ཕྱོགས་ལ་བསྐོར་བའི་ཐབས་ཇུས་བཤམས། 1950ལོའི་ཟླ9ནས1952ཟླ4པའི་བར་དུ། ནུབ་བྱང་ཅུས་དང་མཚོ་སྔོན་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་འགོ་ཁྲིད་སྔ་རྗེས་སུ་ཐེངས17དང་། མཚོ་སྔོན་ལས་རིགས་ཁག་གི་མི་སྣ་གྲགས་ཅན་མ་ལེ་ཐིན། དགུ་རོང་རྒྱལ་སྲས། ཞབས་དྲུང་དཀར་པོ། འོད་ཟེར་རྡོ་རྗེ། དཀོན་མཆོག་ཚེ་རིང་། མེང་ཆོན་ལུ། ཤེས་རབ་རྒྱ་མཚོ། བཀྲ་ཤིས་དབང་ཕྱུག མཱ་ལིང་། སུང་པུ། ཀྲོའུ་རེན་ཧྲན། སངས་རྒྱས་རྒྱ་མཚོ་སོགས་མི43སྣང་རའི་ས་ཁུལ་དུ་བསྐྱོད་དེ་ཆེད་དུ་དབང་ཆེན་དོན་འགྲུབ་བཙལ་ནས་གྲོས་མོལ་བྱས། དབང་ཆེན་དོན་འགྲུབ་ལ་དགེ་སྐྱོན་ཕན་གནོད་གྱི་ཆ་ལ་བསམ་མནོ་བཞི་གསུམ་བཅུ་གཉིས་བཏང་འཕྲོར་གསར་བརྗེ་ངོ་རྒོལ་བའི་བར་གྱི་འབྲེལ་ཐག་ཉེ་བར་བཅད་ན་འགྲིག་པའི་རེ་བ་བཏོན། པཎ་ཆེན་སྐུ་ཕྲེང་བཅུ་པ་དང་སྐུ་འབུམ་དགོན་པས་ཡང་འཐུས་མི་དབང་རྒྱལ་དགེ་ལེགས་མངགས་ཏེ་གྲོས་མོལ་བྱས་ཀྱང་། མཱ་པུ་ཧྥང་གི་ཤུལ་ལུས་ཇག་རྐུན་གྱི་ངན་སྐུལ་དང་མགོ་སྐོར་ཐེབས་ནས་བསམ་བློར་གཡོ་འགུལ་བྱུང་ནས་ཁ་བཤད་དོན་ལ་གནས་མ་ཐུབ་པས་མཐར་གྲོས་མོལ་དེ་དག་ངལ་བ་འབྲས་མེད་དུ་གྱུར།

1952ལོའི་ཟླ4པའི་ཟླ་སྨད་ལ། ཞི་བས་བཅིངས་འགྲོལ་ལ་རེ་ཐག་ཆད་པའི་ཁར། མཚོ་སྔོན་ཞིང་ཆེན་གྱི་ལས་རིགས་སོ་སོའི་འཐུས་མི་རྣམས་ཀྱིས་སྣང་རའི་ས་ཁུལ་གྱི་གསར་བརྗེ་ངོ་རྒོལ་ཚོགས་པ་གཙང་སེལ་དགོས་པའི་རེ་བ་ནན་མོ་མཐའ་གཅིག་ཏུ་བཏོན་ལ། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུས་ཀྱང་ཀྲུང་གུང་ཀྲུང་དབྱང་དང་ཀྲུང་དབྱང་ནུབ་བྱང་ཅུས་ལ་གནས་ཚུལ་ཞུས་པར་མོས་འཐད་བྱུང་བ་དང་འབྲེལ་ནས《གཅན་ཚ་ས་ཁུལ་གྱི་གསར་བརྗེ་ངོ་རྒོལ་དཔུང་ཚོགས་རྩ་འཇོམས་སྐོར་གྱི་ཆོད་ཡིག》བཏོན་ཏེ། གཅན་ཚའི་གསར་བརྗེ་ངོ་རྒོལ་བ་དག་ཐེར་དང་། མི་རིགས་མཐུན་སྒྲིལ་དང་མི་དམངས་དམངས་གཙོའི་སྲིད་དོན་སྲ་བརྟན་དུ་གཏང་ཆེད། དམིགས་སུ་མཱ་ཅོན་པུའོ་དང་། དབང་ཆེན་དོན་འགྲུབ་གཙོ་བྱས་པའི་གཅན་ཚ་ས་ཁུལ་གྱི་གསར་བརྗེ་ངོ་རྒོལ་དཔུང་ཚོགས་རྩ་གཏོར་གཏང་དགོས་པར་གྲོས་ཐག་བཅད།

ཟླ4པའི་ཟླ་སྨད་ལ་ནུབ་བྱང་དམག་ཁུལ་གྱི་ཆོག་མཆན་ཐོབ་པ་བརྒྱུད་དཔུང་འཇུག་རུ་ཁག་གིས་གཅན་ཚ་ས་ཁུལ་གྱི་ཇག་གཏོར་རུ་དཔུང་དང་མཉམ་དུ་དཔུང་འཇུག་འཐབ་ཇུས་བཟོས།

སྣང་རའི་སྟོང་དཔོན་གྱི་གཞིས་ཀའི་ཟུར་གཅིག

ཟླ5པའི་ཚེས1ཉིན། དཔུང་འཇུག་རུ་དཔུང་གི་རུ་དམག་ཁྲི་ལྷག་དམག་དཔོན་ལའོ་ཧྲེང་ཧྲན་གྱི་གཅིག་གྱུར་བཀོད་འདོམས་འོག་ས་གནས་དེར་གསང་བའི་སྒོ་ནས་བསྐྱོད། ཚེས2ཉིན་གྱི་ཞོགས་པར། ལྷོ་བྱང་ཤར་ནུབ་ཀྱི་ཕྱོགས་བཞི་ནས་སྣང་རར་འཇབ་རྒོལ་བྱས་པར་མ་ཟད། མེ་སྒྱོགས་ཀྱིས་ཇག་ཚོགས་ཀྱི་འགྲོ་ལམ་བཅད་ནས་ཉིན་གཅིག་མ་འགོར་བར་སྣང་རའི་གསར་བརྗེ་ངོ་རྒོལ་གྱི་འགོག་རགས་ཐལ་རྡུལ་དུ་བརླགས་སོ། །

འཐབ་རྩོད་དེ་ཟླ5པའི་ཚེས2ཉིན་གྱི་ཆུ་ཚོད12སྟེང་གཞི་ནས་མཇུག་རྫོགས་ཤིང་། སྣང་ར་ས་ཁུལ་གྱི་ངོ་ལོག་ཇག་ཚོགས་གཞི་རྩའི་ཐོག་གཏོར་བཅོམ་ཐེབས་པ་དང་། སྟོང་དཔོན་དབང་ཆེན་དོན་གྲུབ་དང་ཇག་དཔོན་ཁག་བྲོས་ཐར་ཕྱིན། ཟླ5ཚེས20ཉིན་ཇག་གཏོར་རུ་དཔུང་སྣང་ར་ནས་ཕྱིར་འཐེན་བྱས།

གསར་བརྗེའི་སྙིང་སྟོབས་མི་རབས་ནས་མི་རབས་ལ་རྒྱུད་འཛིན་བྱེད་དུ་བཅུག་པ།

1952ལོའི་ཟླ5པར། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཀྲོའུ་རེན་ཧྲན་དང་ཞིང་ཆེན་གྲོས་མོལ་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་གཞོན་པ་དགུ་རོང་རྒྱལ་སྲས་སོགས་ཀྱིས་སྨན་བཅོས་རུ་ཁག་དང་། ཉོ་ཚོང་རུ་ཁག གློག་བརྙན་རུ་ཁག རྒུད་སྐྱོབ་རུ་ཁག་བཅས་ཀྱི་སྣེ་འཁྲིད་དེ་གཅན་ཚ་ས་ཁུལ་གྱི་ས་གནས་མང་ཚོགས་ལ་ངེས་དོན་དུ་ཕན་པའི་དོན་བཟང་བསྒྲུབས།

ཟླ5ཚེས16ཉིན་སྣང་ར་ནས་ཇག་དམག་ཚར་གཅོད་ལ་རྒྱལ་ཁ་བླངས་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་བསྡུས། ཚོགས་ཆེན་སྟེང་བཟུང་དམག70ལྷག་གློད་གྲོལ་བཏང་བས། སྣང་ར་ས་ཁུལ་གྱི་དམངས་སེམས་རིམ་བཞིན་ཞི་འཇགས་སུ་གྱུར། འཚོ་བ་དང་ཐོན་སྐྱེད་རིམ་བཞིན་སླར་གསོ་བྱུང་།

1952ལོའི་ཟླ5ཚེས18ཉིན་གཅན་ཚ་ཐང་གི་འབྲོག་པ་མང་ཚོགས་ཡོངས་ནས་ཀྲུའུ་ཞི་མའོ་ཙེ་ཏུང་ལ་འཕྲིན་བསྐུར་ནས་ཏང་གི་སྲིད་ཇུས་བཟང་པོ་དང་མི་དམངས་སྲིད་གཞུང་གི་འགོ་ཁྲིད་བཟང་པོར་བསྟོད་བསྔགས་ཕུལ།

སྣང་རའི་སྟོང་དཔོན་གྱི་གཞིས་ཀ། 

ངོ་ལོག་ཟིང་འཁྲུག་ཞི་འཇགས་སུ་བཏང་རྗེས། ཀྲུང་གུང་ཀྲུང་དབྱང་ནུབ་བྱང་ཅུས་ཀྱི་ཧྲུའུ་ཅི་ཞི་ཀྲུང་ཞུང་གི་སློབ་སྟོན་འོག དབང་ཆེན་དོན་འགྲུབ་ཐབས་རྒྱ་ཇུས་སྟོང་གིས་ཕྱིར་རང་ཡུལ་དུ་ལོག་པར་བརྩོན་ལེན་བྱེད་འགོ་བརྩམས། ཁོ་ཕྱིར་ལོག་ན་སྣང་ར་དང་དེའི་ཉེ་འཁོར་གྱི་མི་སྡེ་ལམ་སེང་གཏན་བརླིང་ཡོང་བར་ཕན་པར་མ་ཟད། ནང་སྒོས་སུ་ཏང་དང་མི་དམངས་སྲིད་གཞུང་གི་སྲིད་ཇུས་བཟང་པོ་ལག་བསྟར་དོན་འཁྱོལ་དང་། མཚོ་སྔོན་གྱི་ས་གནས་ཁག་གི་མི་རིགས་གྲངས་ཉུང་ཕན་ཚུན་དང་། མགོ་ལོག་གི་བྱ་བ་དང་ཀན་སུའུ། མཚོ་སྔོན། སི་ཁྲོན་གསུམ་གྱི་མཐའ་མཚམས་ལས་དོན་བཅས་མཐུན་སྒྲིལ་གྱི་སྒོ་ནས་སྤེལ་ཐུབ་པ། དེ་བཞིན་དུ་པའོ་པིན་ཞུན། མཱ་ཡུན་ཞིང་ཆིམ་ལ་ཕབ་པ་སོགས་ལ་ཕན་ཆེ་བའི་སློབ་སྟོན་གྱི་ནང་ལྟར། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཆེད་དུ་མི་སྣ་མངགས་ཤིང་། སྣང་རའི་སྡེ་བརྒྱད་དང་དབང་ཆེན་དོན་འགྲུབ་ཀྱི་ཁྱིམ་མིའི་འཕྲིན་ཡིག་སོགས་བཟུང་སྟེ་དབང་ཆེན་དོན་འགྲུབ་བཙལ་དུ་སོང་།

1952ལོའི་ཟླ7ཚེས11ཉིན་སྣང་རའི་སྟོང་དཔོན་དབང་ཆེན་དོན་འགྲུབ་ཀྱིས་ཁོང་དང་མཉམ་དུ་བྲོས་བྱོལ་དུ་སོང་བའི་འཁོར11དང་བཅས་ཕྱིར་སྣང་རར་འབྱོར་ཞིང་། མི་དམངས་སྲིད་གཞུང་ལ་མགོ་བཏེགས་ཏེ་མེ་མདའ་རིང་ཐུང16དང་། མདེའུ2583། རྒྱང་མཐོང1། བཞོན་པ5བཅས་གཞུང་ལ་རྩིས་སྤྲད།

དབང་ཆེན་དོན་འགྲུབ་ཡུལ་དུ་ལོག་ནས་མི་དམངས་སྲིད་གཞུང་གིས་ཁྱིམ་མི་དང་རྒྱུ་ནོར་ལ་བདག་སྐྱོང་བཟང་པོ་བྱས་ཡོད་པ་མཐོང་འཕྲལ་ཡིད་འགུལ་ཆེན་པོ་ཐེབས་ཏེ། གཅན་ཚ་ཁུལ་གྱི་བཟོ་ཚོགས་ཨུ་ལྷན་གྱི་ཧྲུའུ་ཅི་ཝང་ཕིང་ཡུན་ལ་མ་སྐུལ་རང་རྟོགས་ཀྱིས་ཉེས་ལེན་འགྱོད་བཤགས་བྱས། ཟླ 7ཚེས31ཉིན། དབང་ཆེན་དོན་འགྲུབ་ཟི་ལིང་དུ་འབྱོར་བར་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཀྲུའུ་ཞི་ཀྲའོ་ཧྲོའུ་ཧྲན་དང་ཀྲུའུ་ཞི་གཞོན་པ་ཀྲང་ཀྲུང་ལིང་གཉིས་ནས་སྣེ་ལེན་བཟང་པོ་བྱས།

ཟླ8ཚེས10ཉིན། དབང་ཆེན་དོན་འགྲུབ་ལན་གྲུར་བསྐྱོད་དེ་ནུབ་བྱང་དམག་སྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། ནུབ་བྱང་ཅུས་ཀྱི་ཧྲུའུ་ཅི་ཞི་ཀྲུང་ཞུང་། ཀྲུང་དབྱང་མི་དམངས་སྲིད་གཞུང་གི་དམངས་དོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝང་ཧྥེང་བཅས་ལ་ཐུག་འཕྲད་བྱས་པ་མ་ཟད། ལྷག་བསམ་གཙང་མ་མཚོན་པའི་ཁ་བཏགས་དཀར་པོ་ཕུལ། ཞི་ཀྲུང་ཞུང་གིས་དབང་ཆེན་དོན་འགྲུབ་ལ་འདི་སྐད། “ཁྱེད་ཕྱིར་ལོག་ན་མི་དམངས་ཀྱིས་ཁྱེད་ལ་དགའ་བསུ་ཞུ་བ་ཡིན། སེང་ཕྱིད་ཆད་གསང་ཉུལ་བ་དང་ཇག་རྐུན་གྱི་བསླུ་བྲིད་འོག་ཏུ་མི་ཚུད་པར་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན། ད་གཟོད་འོད་གསལ་གྱི་ལམ་ཆེན་ཞིག་ཁྱེད་ལ་དབང་བ་ཡིན་ཞེས་བརྗོད། ཉིན་དེར《མཚོ་སྔོན་ཉིན་རེའི་ཚགས་པར》སྟེང་དབང་ཆེན་དོན་འགྲུབ་ཀྱི་མིང་བཀོལ་པའི་རྩོམ་ཡིག《བློ་སེམས་མི་དམངས་ལ་འཁོར་རྗེས་ཀྱི་མྱོང་ཚོར》ཞེས་པ་སྤེལ། ཟླ9ཚེས8ཉིན《མི་དམངས་ཉིན་རེའི་ཚགས་པར》གྱིས་རྩོམ་འདི་བཀོད་དེ་རྒྱལ་ཡོངས་ལ་དབང་ཆེན་དོན་འགྲུབ་ཀྱིས་མགོ་བཏེགས་ཚུལ་དང་སྣང་ར་ས་ཁུལ་གྱི་ངོ་ལོག་ཟིང་འཁྲུག་ཞི་འཇགས་སུ་བཏང་ཚུལ་མཚམས་སྦྱོར་བྱས།

སྣང་རར་དཔུང་འཇུག་བྱེད་པའི་དུས། 

ཀྲུང་གུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ལི་ཝའེ་ཧན་གྱིས་མའོ་ཙེ་ཏུང་ལ་དོན་དག་དེའི་མགོ་མཇུག་བར་གསུམ་སྙན་སེང་ཕུལ་བ་ན་མའོ་ཙེ་ཏུང་ཐུགས་ཧ་ཅང་དགྱེས་པའི་སྒོ་ནས“ཀྲུའུ་ཀེ་ལིང་ལ་འདུལ་གློད་ཐེངས་བདུན་ཞེས་པའི་གཏམ་རྒྱུད་ཅིག་ཡོད། ང་ཚོར་དེ་ལས་མང་པོའི་འདུལ་གློད་ཐེངས་བཅུ་ཡི་གཏམ་རྒྱུད་བྱུང་ཟེར། ”

ཕྱིས་སུ་མའོ་ཙེ་ཏུང་གིས་ཞི་ཀྲུང་ཞུང་ལ་ཐུག་འཕྲད་གནང་དུས“ཀྲུང་ཞུང་ལ། ཁྱེད་ནི་ངོ་མས་མཛངས་མི་ཞིག་རེད། ཀྲུའུ་ཀེ་ལིང་གིས་མེང་ཧའོ་འདུལ་གློད་ཐེངས་བདུན་བྱས་མྱོང་། ཁྱེད་ཀྲུའུ་ཀེ་ལིང་ནས་ལན་མང་བས་དངོས་འདྲའི་མཛངས་མི་ཞིག་རེད་ཅེས ” བསྟོད་པ་བྱས།

1953ལོའི་ཟླ6པར། དབང་ཆེན་དོན་འགྲུབ་གཅན་ཚ་རྫོང་གི་རྫོང་དཔོན་ཐོག་མར་བསྐོས། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་བཀོད་སྒྲིག་ལྟར་ཁོ་རང་ཐེངས་དུ་མར་ཇག་དཔོན་ཐན་ནུའུ་རི་དང་། མུའུ་ཧ་མའེ། མཱ་དོན་བརྒྱད་སོགས་ཀྱི་སར་མངགས་ཏེ། རང་ཉིད་ལ་ཐོབ་པའི་ཉམས་མྱོང་དང་བསླབ་བྱ་ཕ་རོལ་ལ་བརྗོད་དེ་བློ་ཁ་ཚུར་ལ་བཀུགས། 1956ལོའི་ཟླ4བར་དབང་ཆེན་དོན་འགྲུབ་མགོ་ལོག་ལས་དོན་ཚོགས་པའི་ཚོགས་གཙོར་བསྐོས། ཁོས་རང་གི་མཐོང་ཐོས་མྱོང་གསུམ་གཞིར་བཟུང་སྟེ་ས་གནས་ཀྱི་བོད་ཀྱི་འགོ་བ་དང་འབྲོག་པ་མང་ཚོགས་ཀྱི་བློ་ཁ་ཏང་ལ་བསྐོར་ནས་མགོ་ལོག་ཏུ་སྲིད་དབང་འཛུགས་པར་ལག་རྗེས་མི་དམན་པ་བཞག

གཞན་དབང་ཆེན་དོན་འགྲུབ་ཡང་དང་བསྐྱར་དུ་འབྲོག་སྡེར་ཉུལ་ནས་གཟུ་བཤད་ལ་བྲེལ་ཏེ། རེབ་གོང་དང་གཅན་ཚ། གཅན་ཚ་དང་ཁྲི་ཀ་སོགས་བར་གྱི་ས་མཚམས་ཀྱི་རྩོད་གཞི་ཐག་བཅད། མེ་འགོག་ཁྲའོ་རོགས་ཀྱི་འཐབ་རྩོད་སྒང་ལ། དབང་ཆེན་དོན་འགྲུབ་ཀྱིས་སྣེ་འཁྲིད་དེ་མི་དམངས་ཤོག་ལོར་སྟོང་གསུམ་ཞལ་འདེབས་སུ་གནང་ནས་མེ་འགོག་ཁྲའོ་རོགས་ལ་རྒྱལ་ཁབ་འཐོབ་པར་རམ་འདེགས་བྱས། དུས་དེའི་དབང་ཆེན་དོན་འགྲུབ་ལ་མཚོན་ན། སྤྱི་ཚོགས་རྙིང་བའི་བཀས་བཀོད་རྒྱུད་འཛིན་གྱི་གཞིས་ཀ་ལས་རིམ་བཞིན་མང་ཚོགས་ཀྱིས་དགའ་བསུ་ཐོབ་པའི་རྫོང་དཔོན་བཟང་པོ་ཞིག་ཏུ་གྱུར་ཏོ།། 

ཁོན་ཐར་འཚོས་བསྒྱུར།