པྲོག་གསར་ནད་དུག་ལ་འགོག་སྨན་རྒྱག་པའི་བྱ་བའི་ཐད་ཀྱི་ཀློག་འགྲེལ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ་རང་ཞིང་གིས་པྲོག་གསར་ནད་དུག་ལ་འགོག་སྨན་རྒྱག་པའི་བྱ་བ་དེ་གོ་རིམ་ལྡན་པའི་ངང་སྤེལ་ལ། དུས་དེ་ནས་བཟུང་རང་རེའི་ཚགས་པར་ཁང་གིས་ཆེད་བསྒྲིགས་ལེ་ཚན་བཟོས་ནས་སྙན་ཞུ་བྱས་ཏེ། རྒྱ་ཆེའི་ཀློག་པ་པོ་དག་ལ་པྲོག་གསར་ནད་དུག་གི་འགོག་སྨན་རྒྱག་པའི་སྐོར་གྱི་འབྲེལ་ཡོད་དོན་དག་ལ་ཀློག་འགྲེལ་བྱ་ཆེད། ཐེངས་འདིར་མཚོ་སྔོན་ཞིང་ཆེན་རིམས་ནད་སྔོན་འགོག་ལྟེ་གནས་ཀྱི་རིམས་འགོག་འཆར་འགོད་སའོ་ཡི་ཀྲུའུ་རེན་སྨན་པ་ཨ་ཁུ་ཀྲུང་གདན་དྲངས་ནས་ཀུན་གྱིས་དོ་ཁུར་བྱེད་བཞིན་པའི་དྲི་བ་གསུམ་ལ་ཀློག་འགྲེལ་བྱེད་དུ་བཅུག

དྲི་བ་དང་པོ། པྲོག་གསར་ནད་ཁུག་གི་འགོག་སྨན་དེ་ཅིའི་ཕྱིར་རྒྱག་དགོས་སམ།

ལན། རང་རྒྱལ་གྱི་མི་གྲངས་འབོར་ཆེན་ཞིག་ལ་ལྟོས་བཅོས་སུ་བཤད་ན་པྲོག་གསར་ནད་དུག་གི་རིམས་འགོག་ནུས་པ་མེད་པས་པྲོག་གསར་ནད་དུག་དེ་འགོ་སླ་ངེས། ནད་དུག་འགོས་རྗེས་མི་ལ་ལ་ཞིག་ལ་ཕལ་ཆེར་ནད་རྟགས་ཚབས་ཆེན་འབྱུང་ནས་ཐ་ན་ཤི་བའང་ཡོད། འགོག་སྨན་བརྒྱབ་རྗེས་ཕྱོགས་གཅིག་ནས་མི་མང་པོ་ཞིག་ལ་རིམས་འགོག་ནུས་པ་ཐོན་ཐུབ་པས། ནད་དུག་དེ་འབྱུང་ཚད་ཡང་ཇེ་དམའ་རུ་འགྲོ་བ། ནད་བ་ཚབས་ཆེན་དང་འཆི་བའི་ཉེན་ཁ་ཡང་ཉེ་ཉུང་དུ་འགྲོ་སྲིད། ཡང་ཕྱོགས་གཞན་ཞིག་ནས་པྲོག་གསར་ནད་དུག་གི་འགོག་སྨན་དེ་གོ་རིམ་ལྡན་པའི་ངང་བརྒྱབ་རྗེས་མི་ཚོགས་ཁྲོད་དུ་ཡང་རིམ་བཞིན་རིམས་འགོག་སྒྲིབ་ཡོལ་ཅིག་གྲུབ་སྲིད་པས། པྲོག་གསར་གློ་ཚད་ཀྱི་འགོས་ཁྱབ་མཚམས་བཅད་པ་ཡིན་པས། མགྱོགས་མྱུར་ངང་རང་རྒྱལ་གྱི་སྤྱི་ཚོགས་དཔལ་འབྱོར་སླར་གསོ་དང་སྡོད་དམངས་ཀྱི་འཚོ་བ་ཡང་རྒྱུན་ལྡན་ཅན་ཏུ་འགྱུར་སྲིད།

དྲི་བ། ད་ལྟའི་དུས་རིམ་འདིར་པྲོག་གསར་ནད་དུག་གི་འགོག་སྨན་དེ་མི་གང་དག་ལ་ཧ་ཅང་འཕྲོད་དམ།

ལན། རང་རྒྱལ་གྱི་པྲོག་གསར་ནད་དུག་གི་འགོག་སྨན་དེ་ལོ18ཡན་གྱི་མི་ཚོགས་ལ་བརྒྱབ་ན་འཕྲོད་ངེས།

དྲི་བ། མིག་སྔར་རང་རྒྱལ་གྱིས་བེད་སྤྱོད་བྱེད་བཞིན་པའི་པྲོག་གསར་ནད་དུག་གི་འགོག་སྨན་དེ་སོ་སོ་ཐེངས་ག་ཚོད་ལ་རྒྱག་དགོས་སམ། སོ་སོའི་བར་དུ་དུས་ཚོད་ག་ཚོད་འཇོག་དགོས་སམ།

ལན། ཉེ་ལམ་རང་རྒྱལ་ལ་པྲོག་གསར་ནད་དུག་གི་འགོག་སྨན་རིགས་མི་འདྲ་བ་གསུམ་ཡོད་ལ། དེ་དག་སོ་སོ་ནི་དུག་འཇོམས་འགོག་སྨན་དང་ནད་ལྡན་འགོག་སྨན། བསྐྱར་བསྒྲིགས་རིམ་གཉིས་འགོག་སྨན་བཅས་ཡིན།

དུག་འཇོམས་འགོག་སྨན་ལ་ཁབ་གཉིས་རྒྱག་དགོས་ཤིང་། འགོག་ཁབ་ཐོག་མ་དང་གཉིས་པ་གཉིས་ཀྱི་བར་དུ་གཟའ་འཁོར3དང་དེའི་ཡན་འཇོག་དགོས་ཤིང་། འགོག་ཁབ2པ་དེ་འགོག་ཁབ་དང་པོ་བརྒྱབ་རྗེས་ཀྱི་གཟའ་འཁོར8གྱི་ནང་ངེས་པར་དུ་རྒྱག་དགོས།

ནད་ལྡན་འགོག་སྨན་ལ་འགོག་ཁབ1ཡོད།

བསྐྱར་བསྒྲིགས་རིམ་གཉིས་འགོག་སྨན་ལ་འགོག་ཁབ3ཡོད། ཐོག་མའི་འགོག་ཁབ་དང་འགོག་ཁབ2པའི་བར། འགོག་ཁབ2པ་ནས་འགོག་ཁབ3པའི་བར་ཐག་གཟའ་འཁོར4ཡི་ཡན་འཇོག་དགོས་ཤིང་། འགོག་ཁབ2པ་དེ་འགོག་ཁབ་དང་པོ་བརྒྱབ་རྗེས་ཀྱི་གཟའ་འཁོར8གྱི་ནང་ངེས་པར་དུ་ཡོངས་འགྲུབ་བྱ་དགོས། འགོག་ཁབ3པ་དེ་འགོག་ཁབ་དང་པོ་བརྒྱབ་རྗེས་ཀྱི་ཟླ་བ6གི་ནང་ཡོངས་འགྲུབ་བྱ་དགོས།

ད་ལྟ། རང་ཞིང་གི་འགོག་སྨན་དེ་རིམ་པ་དང་པོར་གནས་ཤིང་། དེར་ནད་འཇོམས་འགོག་སྨན་གྱི་འགོག་ཁབ་གཉིས་རྒྱག་དགོས།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།