བྲག་རྡོ་གང་དག་གིས་སའི་གོ་ལའི་ཡང་རྩེ་སྟེ་ཇོ་མོ་གླང་མ་གྲུབ་ཡོད་དམ།

རྒྱང་རིང་ནས་མཐོང་བའི་ཇོ་མོ་གླང་མ། པར་རིས་ཞིན་ཧྭ་དྲ་བ་ལས་དྲངས།

    མདོ་དབུས་མཐོ་སྒང་ནི་འཛམ་གླིང་ཡང་རྩེ་ཡིན་ལ། དེར་གནས་པའི་རི་བོ་ཧི་མ་ལ་ཡའི་ཁྲོད་ཀྱི་ཇོ་མོ་གླང་མ་ནི་འཛམ་གླིང་ཡང་རྩེ་ཡི་རྩེ་མོ་ཡིན། དེ་ན། ཇོ་མོ་གླང་མ་ནི་བྲག་རྡོ་གང་དག་གིས་གྲུབ་པ་དང་། བྲག་རྡོ་དེ་དག་གིས་འཛམ་གླིང་ཡང་རྩེའི་རྩེ་མོ་འདི་ཇི་ལྟར་བསྐྲུན་པ་ཡིན་ནམ།

དུས་རབས་གོང་མའི་ལོ་རབས་དྲུག་ཅུའི་མཇུག་ཙམ་ལ། གསར་དུ་དར་བའི“གླིང་དུམ་གྲུབ་ཚུལ”གཞུང་ལུགས་(“板块构造”学说)ལྟར་ན། སའི་གོ་ལའི་བྲག་རྡོ་རིམ་པ་(岩石圈)ནི་གླིང་དུམ་(板块)དུ་མ་མཉམ་དུ་འདུས་ནས་གྲུབ་པ་ཡིན་ལ། གླིང་དུམ་དེ་ཚོ་ནི་ད་དུང་ཡང་འགུལ་སྐྱོད་བྱེད་བཞིན་ཡོད། རང་རྒྱལ་གྱི་ས་གཞིའི་གྲུབ་ཚུལ་སྐོར་གྱི་མཁས་པ་ཡིས་གཞུང་ལུགས་འདི་སྤྱད་ནས་མདོ་དབུས་མཐོ་སྒང་དང་ཧི་མ་ལ་ཡའི་འཕེལ་འགྱུར་གོ་རིམ་ལ་འགྲེལ་བཤད་བྱས་ཏེ་མདོ་དབུས་མཐོ་སྒང་ནི་སྐམ་སའི་གླིང་དུམ་དང་ཁེར་གནས་མཚོ་གླིང་མང་པོ་དུས་སྐབས་མི་འདྲ་བའི་རིང་ལ་ཨེ་ཤ་ཡའི་ཕྱོགས་སུ་སྤར་ནས་འདུས་པ་ལས་གྲུབ་པར་འདོད་པ་རེད།


ཇོ་མོ་གླང་མའི་ལྷོ་ནུབ་ངོས་ཀྱི་བྲག་རིམ། པར་རིས་དྲ་བ་ལས་དྲངས།

     “གླིང་དུམ་གྲུབ་ཚུལ”གཞུང་ལུགས་ལ་གཞིགས་ན། ད་ལྟའི་བར་དུ་ལོ་ངོ་དུང་ཕྱུར་5ཙམ་ཡོད་པའི་སྔོན་ལ། ཧི་མ་ལ་ཡའི་ས་ཆ་འདི་ནི་རྒྱ་མཚོ་ཆེན་པོ་ཞིག་ཡིན་ལ། ཨོ་སི་ཁྲུ་རི་ཡ་རྒྱལ་ཁབ་(奥地利)ཀྱི་ས་གཤིས་མཁས་པ་ཨེ་ཏུར་ཧ་སུའེ་སི་(Eduard Suess)ཡིས་རྒྱ་མཚོ་འདིའི་མིང་ལ“ཐེ་ཐའེ་སི”(ཀེ་རི་སེའི་ལྷ་སྒྲུང་ནང་གི་མཚོ་ལྷའི་ཆུང་མ)ཞེས་བཏགས་ཡོད། ལོ་ངོ་ཁྲི་6000ཙམ་གྱི་སྔོན་ལ་ཐོན་དུས། ལྷོ་ཕྱོགས་ནས་ཡོང་བའི་རྒྱ་གར་གླིང་དུམ་དང་བྱང་ཕྱོགས་ན་ཡོད་པའི་ཡོ་རོབ་དང་ཨེ་ཤ་ཡའི་གླིང་དུམ་གཉིས་ཀ་གདོང་གཏུག་བརྒྱབ་པ་ན། ས་ཤུན་གྲུབ་ཚུལ་ལ་འགུལ་སྐྱོད་ཆེན་པོ་བྱུང་ནས་ཐེ་ཐའེ་སི་མཚོ་ཞབས་ཀྱི་བྲག་རྡོ་ཡར་འཕགས་ཏེ་ཧི་མ་ལ་ཡའི་རི་ཚོགས་འདི་གྲུབ་པ་དང་། འཛམ་གླིང་གི་རྩེ་མོར་གྲགས་པའི་ཇོ་མོ་གླང་མ་ཡང་དེའི་ཁྲོད་ནས་བྱུང་བ་རེད།

     གླིང་དུམ་ཆེན་པོ་གཉིས་གདོང་གཏུག་རྒྱག་པའི་གོ་རིམ་ཁྲོད་དུ། སའི་གོ་ལའི་ནང་རོལ་གྱི་ནུས་ཤུགས་ཆེན་པོ་ཞིག་ཀྱང་ཕྱིར་ཐོན་ཡོད་སྟབས། རི་བོ་ཧི་མ་ལ་ཡའི་ཁུལ་དུ་རི་རྒྱུད་ཀྱི་འཁོར་ཕྱོགས་དང་དྲང་མཉམ་གྱི་ཆད་རིམ་(断层)མང་པོ་ཞིག་ཀྱང་བྱུང་ཡོད། དེའི་ནང་དུ་བོད་ལྷོའི་བཤིག་གྱེས་ཚན་པ་(藏南拆离系)ཡི་ཆད་རིམ་མ་ལག་ཅེས་པ་ནི་རི་བོ་ཧི་མ་ལ་ཡའི་མགོ་ནས་མཇུག་བར་དུ་ཁྱབ་ཡོད། བོད་ལྷོའི་བཤིག་གྱེས་ཚན་པ་བར་མཚམས་སུ་བྱས་ཏེ་ས་གཤིས་ཁྱད་པར་གྱི་ཐོག་ནས་རི་བོ་ཧི་མ་ལ་ཡ་ཕྱོགས་གཉིས་སུ་བགར་ན། ཆད་རིམ་གྱི་སྟེང་ཕྱོགས་ནི་ཐེ་ཐའེ་སི་ཧི་མ་ལ་ཡ་ཡིན་(ས་བབ་མཐོ་ཚད་སྨི་8660ནས་ཇོ་མོ་གླང་མའི་རྩེ་མོ་ཡི་བར་ཡིན)ཞིང་། དེ་ནི་ཐལ་བ་དང་བྱེ་མ། ས་འདམ་སོགས་ཀྱི་བྲག་རྡོ་ཆགས་ནས་གྲུབ་པ་ཡིན་ལ། ཆད་རིམ་གྱི་འོག་ཕྱོགས་ནི་མཐོ་བའི་ཧི་མ་ལ་ཡ་ཡིན་(ས་བབ་མཐོ་ཚད་སྨི་8200ཡི་མན་ཆད་ཡིན)ཞིང་། དེ་ནི་བྲག་རྡོ་ལེབ་མོ་དང་བྲག་རྡོ་འདྲེས་མ། བྲག་རྡོ་ཀ་མ་རུ་སོགས་རྒྱུ་འགྱུར་བྲག་རྡོ་དང་གཏིང་རིམ་བྲག་རྡོ་བཅས་སྲེག་འདྲེས་བྱུང་བ་ལས་ཆགས་པའི་འཛེང་རྡོ་ཡིས་གྲུབ་པ་ཡིན།

རོང་པོ་དགོན་དང་ཇོ་མོ་གླང་མ། པར་རིས་ཞིན་ཧྭ་དྲ་བ་ལས་དྲངས།

     ཇོ་མོ་གླང་མའི་བྱང་ངོས་ཀྱི་རོང་པོ་དགོན་ནས་སའི་གོ་ལའི་རྩེ་མོ་སྟེ་ཇོ་མོ་གླང་མར་བལྟས་ན། ཇོ་མོ་གླང་མའི་གཙོ་རི་ནི་ཟུར་གསུམ་མཆོད་རྟེན་ཞིག་གི་ནང་བཞིན་ནམ་མཁའི་མཐའ་མཚམས་ན་འགྱིང་ནས་ཡོད་པ་མཐོང་ཐུབ་ཅིང་། རི་བོའི་ཁ་དོག་ལ་གཞིགས་ནས་ཐེ་ཐའེ་སི་ཧི་མ་ལ་ཡ་དང་མཐོ་བའི་ཧི་མ་ལ་ཡ་གཉིས་ཀྱི་ཁྱད་པར་ཡང་གསལ་ལེར་མཐོང་བ་ཡིན།

     དབྱིན་ཇིའི་ས་གཤིས་མཁས་པ་ཧེ་རོན་(A. M. Heron)དང་ཨོ་ཏེལ་(Noel Odell)གཉིས་ཀྱིས་དུས་རབས་ཉི་ཤུ་བའི་ལོ་རབས་ཉི་ཤུའི་སྐབས། ཇོ་མོ་གླང་མ་ནས་ཉམས་ཞིབ་བྱེད་དུས། ཇོ་མོ་གླང་མའི་རྩེ་མོ་ནི་དིམ་བསགས་བྲག་རྡོ་(沉积岩)ཡིན་པ་ཤེས་ཤིང་། ཨོ་ཏེལ་གྱིས་ད་དུང་དིམ་བསགས་ཀྱི་ཐལ་བའི་བྲག་རྡོ་(灰岩)ནས་འགྱུར་རྡོ་(化石)ཡོད་པ་ཡང་ཤེས་པ་རེད།

ཇོ་མོ་གླང་མའི་རྩེ་ཡི་བྲག་རྡོ། པར་རིས་ཀྲུང་གོའི་ཚན་རིག་གླིང་གི་ས་གཤིས་དང་སའི་གོ་ལ་ཞིབ་འཇུག་ཁང་ལས་དྲངས།

     1973ལོར། ཀྲུང་གོའི་ཚན་ཞིབ་མི་སྣས་ཐེངས་དང་པོར་ཇོ་མོ་གླང་མའི་རྩེ་ཡི་ཐལ་བའི་བྲག་རྡོའི་ལོ་ཚད་ཕལ་ཆེར་ལོ་དུང་ཕྱུར་4.7ཡོད་པ་ཚད་ལེན་བྱས་པ་དང་། ཚད་ལེན་བྱས་འབྲས་འདི་ནི་ཁྱབ་ཁོངས་དེ་ཡི་ཐལ་བའི་བྲག་རྡོའི་ཁྲོད་ནས་རྙེད་པའི་འགྱུར་རྡོ་ཡིས་ཀྱང་བསྒྲུབས་ཡོད་པར་མ་ཟད། ད་དུང་དེ་ནས་བཟུང་ཇོ་མོ་གླང་མ་དང་གནའ་དུས་ཀྱི་ཧི་མ་ལ་ཡའི་ས་ཆ་ནི་ཐེ་ཐའེ་སི་རྒྱ་མཚོའི་འོག་ན་ཡོད་པ་ཡང་བདེན་དཔང་བྱས་པ་རེད།

     དེ་ན། ཇོ་མོ་གླང་མ་ནི་དུས་ནམ་ཞིག་ནས་བཟུང་། ཐེ་ཐའེ་སི་རྒྱ་མཚོ་ནས་ཡར་འཕགས་པ་ཡིན་ནམ་ཞེ་ན། དེ་ལ་ཇོ་མོ་གླང་མའི་འོག་རོལ་གྱི་རྒྱུ་འགྱུར་བྲག་རྡོ་(变质岩)དང་རྡོ་ཞུན་བྲག་རྡོ་(岩浆岩)ལ་ཞིབ་འཇུག་བྱས་ན་ཤེས་རྟོགས་ཐུབ་པ་སྟེ། ཇོ་མོ་གླང་མའི་འོག་རོལ་གྱི་བྲག་རྡོ་འདི་དག་གིས་རི་བོ་ཧི་མ་ལ་ཡ་ཆགས་དུས་ཀྱི་ཚ་བ་དང་གནོན་ཤུགས་སོགས་ཀྱི་གནས་ཚུལ་ཅི་འདྲ་ཞིག་བརྒྱུད་པ་གསལ་བར་བྱས་ཡོད་ཅིང་། ཕལ་ཆེར་ལོ་ངོ་ཁྲི་3200ཡི་སྔ་རོལ་ནས་བཟུང་། ཇོ་མོ་གླང་མའི་འོག་རོལ་གྱི་བྲག་རྡོ་ནི་དྲོད་ཚད་ཏུའུ་650ཙམ་གྱི་ནང་ནས་རྒྱུ་འགྱུར་དང་སྲེག་འདྲེས་བྱུང་ལ། འགྱུར་ལྡོག་འདི་ནི་ལོ་ཁྲི་1500ཙམ་གྱི་བར་ལ་རྒྱུན་འཁྱོངས་བྱས་པ་རེད། ཡུན་རིང་གི་འགྱུར་ལྡོག་ཁྲོད་དུ། གླིང་དུམ་མཉམ་འདུས་ཀྱིས་སྲེག་འདྲེས་རྡོ་ཞུན་ཡར་བཏགས་པ་ལས་ཇོ་མོ་གླང་མའི་མཐོ་ཚད་ལ་ཟིན་ཐོ་གསར་བ་རེ་བྱུང་བ་ཡིན། དུས་ད་ལྟར་ཡིན་ནའང་། ཇོ་མོ་གླང་མ་ནི་སྔར་བཞིན་ལོ་རེ་ལ་ཧའོ་སྨི་3ནས་5ཙམ་གྱིས་ཡར་འཕགས་བཞིན་ཡོད།

ཇོ་མོ་གླང་མའི་སྨི་7600ཡི་མཚམས་ཀྱི་བྲག་རྡོ། པར་རིས་ཀྲུང་གོའི་ཚན་རིག་གླིང་གི་ས་གཤིས་དང་སའི་གོ་ལ་ཞིབ་འཇུག་ཁང་ལས་དྲངས།

     གཏིང་རོལ་ནས་ཆགས་པའི་རྡོ་ཞུན་ནི་ད་ལྟའི་བར་དུ་ལོ་ངོ་ཁྲི་2400ནས་1500ཙམ་ཡོད་པའི་བར་ལ། ཇོ་མོ་གླང་མའི་འོག་རོལ་གྱི་རྒྱུ་འགྱུར་བྲག་རྡོའི་ནང་དུ་འདྲེས་པ་དང་། སྲ་འགྱུར་བྱུང་རྗེས་སྙིགས་མ་མེད་པའི་རྡོ་ཞུན་བྲག་རྡོ་སྟེ་སྐྱ་མདོག་གི་འཛེང་རྡོ་ལ་གྱུར་པ་རེད། རྡོ་ཞུན་ནི་བོད་ལྷོའི་བཤིག་གྱེས་ཚན་པའི་ཁུལ་ནས་དུས་ཚོད་རིང་ལ་བར་ཐག་ཆེ་བར་བཞུར་བ་ན། སྐྱ་མདོག་གི་འཛེང་རྡོ་རྣམས་ཀྱང་གཏེར་རྡོ་དམིགས་བསལ་ཅན་འགའ་རུ་གྱུར་པ་དང་། གཏེར་རྡོ་དེ་དག་ནས་ལྕགས་རིགས་དཀོན་པོ་བཙོ་སྦྱང་བྱེད་ཐུབ་པར་མ་ཟད། གཏེར་རྡོ་རང་ཉིད་ཀྱང་རིན་པོ་ཆེ་རྩ་ཆེན་གྱི་རིགས་ཡིན།

དེར་བརྟེན། ཇོ་མོ་གླང་མ་ནི་རི་འཛེག་མཁན་གྱི་གནས་མཆོག་ཅིག་ཡིན་པར་མ་ཟད། ས་གཤིས་ནོར་བུ་འཚོལ་བའི་གཏེར་མཛོད་ལྟ་བུ་ཞིག་ཀྱང་ཡིན། ནམ་ཉི་མ་ཞིག་ལ། ཁྱེད་རང་སའི་གོ་ལའི་རྩེ་མོ་ཡི་ས་ཆ་འདིར་ཐོན་དུས། རྐང་འོག་གི་བྲག་རྡོ་ཡིས་བརྗོད་པའི་གཏམ་ལ་གསོན་ཅིག