ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་མངགས་གཏོང་ཁང་གི་བྱ་བར་ཤུགས་སྣོན་པའི་སྐུལ་འདེད་ཚོགས་འདུ་རྟ་ཐང་ནས་འཚོགས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ4པའི་ཚེས7ཉིན། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་མངགས་གཏོང་ཁང་གི་བྱ་བར་ཤུགས་སྣོན་པའི་ཚོགས་འདུ་དང་མངགས་གཏོང་ཁང་གི་ཉེན་དོན་ལམ་སྲོལ་བཅོས་སྒྱུར་གྱི་ཡུལ་དངོས་ལྟ་སྦྱོང་ཚོགས་འདུ་ཟི་ལིང་གྲོང་ཁྱེར་རྟ་ཐང་རྫོང་དུ་འཚོགས་པ་རེད། ཚོགས་འདུའི་སྟེང་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱི་བདེ་འཇགས་དོ་དམ་བྱ་བའི་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་བྱས་པ་དང་ཟི་ལིང་གྲོང་ཁྱེར་གྲོང་ནུབ་སྤྱི་བདེ་ཡན་ལག་ཅུའུ་དང་རྟ་ཐང་རྫོང་སྤྱི་བདེ་ཅུའུ་ཡིས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་དང་། འཕྲུལ་ཤེས་ཉེན་རྟོག་བྱ་བའི་ཉམས་མྱོང་། ཉེན་རྟོག་བྱ་བའི་ལམ་སྲོལ་བཅོས་སྒྱུར་བྱ་བའི་ཉམས་མྱོང་བཅས་ཀྱི་འབྲེལ་ཡོད་ངོ་སྤྲོད་བྱས་པ་རེད།

ཚོགས་འདུས་བསྟན་དོན། ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་སློབ་གསོའི་བྱ་འགུལ་དང་གསར་བརྗེའི་སྲོལ་རྒྱུན་སློབ་གསོར་ཤུགས་སྣོན་བརྒྱབ་ནས། “ཉེན་རྟོག་ཡོངས་ཀྱི་དངོས་འཐབ་སྦྱོང་བརྡར་ཆེན་མོ”སོགས་ཀྱི་རྣམ་པར་བརྟེན་ནས་མངགས་གཏོང་ཁང་གི་དཔུང་སྡེའི་ཆེད་ལས་བྱང་ཚད་དང་དངོས་འཐབ་འཇོན་ཐང་ཁྱོན་ཡོངས་ནས་ཆེ་རུ་བཏང་སྟེ།“ཏུང་ལའེ་ཡི་སྙིང་སྟོབས”སློབ་སྦྱོང་དང་དར་སྤེལ་གཏོང་བ། དུས་རབས་གསར་པ་སྟེ“ཧྥེང་ཆའོ་ཉམས་མྱོང་”འཕེལ་རྒྱས་གཏོང་རྒྱུ་དང་ཟུང་འབྲེལ་བཅས་བྱས་ནས་གཞི་རིམ་གྱི་མི་དམངས་ཉེན་རྟོག་པ་ཤང་གྲོང་དང་གྲོང་ཚོ་དང་གྲོང་མིའི་ཚན་ཁག་ཏུ་བསྐྱོད་རྒྱུར་སྐུལ་འདེད་གཏང་དགོས་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་དུས་རབས་གསར་པའི་མངགས་གཏོང་ཁང་གི་འབུར་ཐོན་གནད་དོན་ཐག་གཅོད་ནུས་ལྡན་བྱེད་པ་དང་། ཉེན་རྟོག་པ་གཤམ་གཏོང་གི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ།“ཡིག་ཆ་ཨང་དང་པོ”ལག་བསྟར་དོན་འཁྱོལ་སྒོས་མངགས་གཏོང་ཁང་གི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཚད་གཞི་ལྟར་ཞིང་ཆེན་སྤྱི་བདེ་ཐིང་གི《ལོ་གསུམ་གྱི་ལག་ལེན་འཆར་གཞི》དོན་འཁྱོལ་ཡག་པོ་བྱས་ནས་མངགས་གཏོང་ཁང་གི་སྟོབས་ཤུགས་ཆེ་རུ་ཏན་ཏིག་གཏོང་བ་དང་། མངགས་གཏོང་ཁང་གི་གསོན་ཤུགས་འཕེལ་བ་བྱེད་པ། མངགས་གཏོང་ཁང་གི་འཐབ་ནུས་ཆེ་རུ་གཏོང་བ་བཅས་བྱ་དགོས་པ་བསྟན། །

ཚོགས་འདུའི་སྐབས་ཚོགས་ཞུགས་འཐུས་མིས་ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་གྲོང་ནུབ་ཡན་ལག་ཅུའུ་ཡི་ཧྲུན་ལའེ་ལམ་མངགས་གཏོང་ཁང་གི་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་དཔེ་སྟོན་དང་། ཝང་པའོ་ལམ་མངགས་གཏོང་ཁང་གི་རིག་ལྡན་ཉེན་དོན། རྟ་ཐང་རྫོང་སྤྱི་བདེ་ཅུའུ་མའོ་ཅ་གྲོང་སྡེའི་མངགས་གཏོང་ཁང་གི་ཉེན་དོན་ལམ་སྲོལ་བཅོས་སྒྱུར་དང་དེ་བཞིན་ཆའོ་ཐོའུ་མངགས་གཏོང་ཁང་གི་གླིང་གི་བྱང་ཉེན་རྟོག་ལས་དོན་ཁང་བཅས་ལ་ཡུལ་དངོས་སུ་ལྟ་སྦྱོང་བྱས་པ་རེད།

གཡང་སྐྱིད་བསྒྱུར།