ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་གསར་འཛུགས་བྱེད་སྒོ་ཚད་ལྡན་དུ་གཏང་རྒྱུའི་བརྡ་ཐོ་བཏང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས《ཞིང་ཆེན་རིམ་པ་མན་གྱི་དཔེ་སྟོན་གཏོད་པའི་བྱེད་སྒོ་གཙང་བཤེར་དང་ཚད་ལྡན་བཟོ་བའི་བྱ་བ་སྔར་བས་ཡག་པོར་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་ནས། ཞིང་ཆེན་རིམ་པ་མན་གྱི་དཔེ་སྟོན་གཏོད་པའི་བྱེད་སྒོ་སླར་ཡང་ཕྱོགས་ཡོངས་ནས་གཙང་བཤེར་དང་ཚད་ལྡན་དུ་བཏང་བ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་གཙང་བཤེར་དང་ཚད་ལྡན་གྱི་ཁྱབ་ཁོངས་ནང་གཙོ་བོ་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་གི་ལས་ཁུངས་དང་། དམངས་འཐུས་ཚོགས་ཆེན་ལས་ཁུངས། སྲིད་འཛིན་ལས་ཁུངས། སྲིད་གྲོས་ལས་ཁུངས། ལྟ་ཞིབ་ལས་ཁུངས། འདྲི་གཅོད་ལས་ཁུངས། ཞིབ་དཔྱོད་ལས་ཁུངས། མི་དམངས་ཚོགས་པ་དང་སྤྱི་ཚོགས་རྩ་འཛུགས་བཅས་ལ་ཁ་ཕྱོགས་ནས་སྤེལ་བའི་ས་ཁུལ་སོ་སོ་དང་། སྡེ་ཁག་སོ་སོ། ལས་ཁུངས་སོ་སོ། ཡང་ན་ཁོངས་གཏོགས་སོ་སོ། ལས་རིགས་སོ་སོ་བཅས་ལ་ཁ་ཕྱོགས་པའི་གསར་གཏོད་དཔེ་སྟོན་བྱེད་སྒོ་དང་། ཁེ་ལས་ལ་ཁ་ཕྱོགས་ནས་སྤེལ་བ་དང་། ཚོང་རའི་དྲང་ལྡན་འགྲན་རྩོད་ལ་གནོད་འཚེ་གཏོང་བ། དེ་བཞིན་གྲོང་ཁྱེར་དང་རྫོང་ཁུལ་ལ་ཁ་ཕྱོགས་ནས་སྤེལ་བ། གཞི་རིམ་གྱི་ཁུར་པོ་ལྕི་རུ་གཏོང་བ་བཅས་ཀྱི་དཔེ་སྟོན་བྱེད་སྒོ་འཛུགས་པ་དང་། ལྷག་པར་གྲོང་ཁྱེར་གྱི་དཔྱད་འདེམས་དཔྱད་སྡུར་གཟེངས་བསྟོད་དང་འབྲེལ་བ་ཡོད་པའི་གསར་གཏོད་དཔེ་སྟོན་བྱེད་སྒོ་སྣ་ཚོགས་གཙོ་གནད་དུ་བཟུང་ནས་གཙང་བཤེར་དང་ཚད་ལྡན་དུ་གཏང་རྒྱུ་རེད།

ངོ་སྤྲོད་བྱས་པ་ལྟར་ན། ཐེངས་འདིའི་གཙང་བཤེར་དང་ཚད་ལྡན་དུ་གཏོང་བར་ད་དུང་ཞིང་ཆེན་རིམ་པ་མན་གྱི་གསར་གཏོད་བྱེད་སྒོ་སྤེལ་རྒྱུའི་འབྲེལ་ཡོད་ཚད་གཞི་བཟོས་ཤིང་། དཔེ་སྟོན་གཏོད་པའི་བྱེད་སྒོ་སྤེལ་བར་ངེས་པར་བཅའ་ཁྲིམས་ཁྲིམས་སྲོལ་ལམ་ཡང་ན་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་། ཏང་ཀྲུང་དབྱང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡིག་ཆའམ་ཡང་ན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཡིག་ཆའི་ཞིབ་ཕྲའི་གཏན་འབེབས་ཁ་གསལ་ཡོད་པ་བྱ་དགོས་པ་དེ་རེད། གཞི་འཛིན་ས་མེད་པར་རང་དགར་སྤེལ་བའམ་ཡང་ན་བྱ་བར་སྐུལ་འདེད་གཏང་བར་དོན་སྙིང་དངོས་མེད་པ་དང་དམངས་དུབ་རྒྱུ་ཟད་བྱེད་པའམ་ཡང་ན་གོ་སྐབས་དང་བསྟུན་ནས་དངུལ་བསྡུ་བ་དང་རྣམ་པ་བསྒྱུར་བའི་དངུལ་བསྡུ་རིགས་ཚང་མ་མེད་པར་བཟོ་བ། བྱ་ཡུལ་གཅིག་མཚུངས་དང་། ནང་དོན་འདྲ་མཚུངས། ཚད་གཞི་གཅིག་མཚུངས་བཅས་ཡིན་ཕྱིན། སྲིད་ཇུས་ལེགས་སྒྲིག་བྱས་པ་དང་། ལྟེ་བའི་བྱ་བ་དང་ཁ་བྲལ་བ། དཔེ་སྟོན་གསར་འཛུགས་བྱས་པ་བཅས་ཀྱི་དུས་མཚམས་རང་བཞིན་གྱི་ལས་འགན་ལེགས་སྒྲུབ་བྱས་རིགས་ཚང་མ་མེད་པ་བཟོ་དགོས།

གཙང་བཤེར་དང་ཚད་ལྡན་དུ་གཏང་བའི་བྱ་བའི་འཆར་གཞི་ཟླ6པའི་ཟླ་མཇུག་གོང་ལེགས་སྒྲུབ་བྱས་པ་མ་ཟད། དུས་ཐོག་ཏུ་འབྲས་བུ་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱས་ཏེ། ལས་རིགས་སོ་སོའི་ལྟ་སྐུལ་དང་ལེན་བྱས་ནས་ཞིང་ཆེན་རིམ་པ་མན་གྱི་དཔེ་སྟོན་གཏོད་པའི་བྱེད་སྒོ་སྔར་བས་ཚད་ལྡན་དང་ཕན་འབྲས་དངོས་ཐོན་རྒྱུའི་འགན་ལེན་བྱས་པ་རེད།