མཚོ་སྔོན་ཞིང་ཆེན་གྱིས་མཚོ་བོད་ས་མཐོའི་ཕྱུགས་རྩྭའི་རྒྱུད་མཆེད་ཐོན་ཁུངས་ཀྱི་དྲོད་ཚད་དམའ་བའི་མཛོད་བསྐྲུན་རྒྱུ་ཡིན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་སློབ་ཆེན་ཕྱུགས་ལས་ཕྱུགས་སྨན་ཚན་རིག་ཁང་ནས་ཤེས་རྒྱུས་ལོན་བྱུང་བ་ལྟར་ན།     མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིང་དང་།    མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་གིས་དུས་འགོའི་འཆར་འགོད་བརྟག་དཔྱད་ཞིབ་འཇུག་དང་།    ལག་བསྟར་བྱས་འཐུས་རང་བཞིན་དབྱེ་ཞིབ།    ཆེད་མཁས་པས་ཁུངས་སྐྱེལ་སོགས་ཀྱི་གོ་རིམ་བརྒྱུད།     མཚོ་བོད་ས་མཐོའི་ཕྱུགས་རྩྭའི་རྒྱུད་མཆེད་ཐོན་ཁུངས་ཀྱི་དྲོད་ཚད་དམའ་བའི་མཛོད་བསྐྲུན་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས། མཚོ་བོད་ས་མཐོའི་ཕྱུགས་རྩྭའི་རྒྱུད་མཆེད་ཐོན་ཁུངས་མཛོད་མེད་པའི་ཐོ་འགོད་ཀྱི་གནས་བབ་ཚད་བརྒལ་བྱས་ཏེ། མཚོ་བོད་ས་མཐོར་སྟོངས་ཉེར་ཡོད་པ་དང་དམིགས་བསལ་དུ་ཡོད་པའི་སོན་རྒྱུའི་ཐོན་ཁུངས་མྱུར་སྐྱོབ་རང་བཞིན་གྱི་བསྡུ་རུབ་དང་ཡུན་རིང་ནུས་ལྡན་ངང་ཉར་ཚགས་བྱེད་པའི་དམིགས་ཚད་མངོན་འགྱུར་བྱ་རྒྱུ་རེད།   

མཚོ་བོད་ས་མཐོའི་ཕྱུགས་རྩྭའི་རྒྱུད་མཆེད་ཐོན་ཁུངས་ཀྱི་དྲོད་ཚད་དམའ་བའི་མཛོད་ལ་ཁྱོན་མ་དངུལ་སྒོར་ཁྲི1000ཙམ་བཏང་བ་དང་ད་ཆར་དུས་འགོའི་འཆར་འགོད་བྱ་བ་ལེགས་གྲུབ་ཟིན་ཞིང་།    མཚོ་སྔོན་སློབ་ཆེན་ཕྱུགས་ལས་ཕྱུགས་རིགས་སྨན་པའི་ཚན་རིག་ཁང་གི་ཕྱུགས་རྩྭའི་རྒྱུད་མཆེད་ཐོན་ཁུངས་སྲུང་སྐྱོང་བེད་སྤྱོད་ཞིབ་འཇུག་གི་ཚན་རྩལ་ལེགས་ཆ་དང་ཟུང་འབྲེལ་བྱས་ཏེ། དྲོད་ཚད་དམའ་བའི་མཛོད་དེ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་སྐྱེ་དངོས་གླིང་ཁུལ་ཆིང་ཁོའོ་གླིང་དུ་བསྐྲུན་ཁྱོན་སྨི་ངོས་གྲུ3000ཟིན་རྒྱུ་རེད།     དྲོད་ཚད་དམའ་བའི་མཛོད་བསྐྲུན་རྗེས། གཟན་རྩྭའི་སོན་རྒྱུའི་ཐོན་ཁུངས་ཉར་ཚགས་དམིགས་ཚད་ཁྱོན50000མངོན་འགྱུར་བྱ་རྒྱུ་དང་། དྲོད་ཚད་དམའ་བའི་ཉར་ཚགས་བྱ་ཐབས་སྤྱད་པ་ནི་རྒྱལ་ནང་གི་སོན་རྒྱུའི་ཐོན་ཁུངས་ཉར་ཚགས་ཀྱི་ཆེས་སྔོན་ཐོན་དང་ཆ་རྐྱེན་ཡག་ཤོས་ཀྱི་ལག་རྩལ་ཞིག་རེད།    དྲོད་ཚད་མཐོ་བའི་བརླན་སའི་ལྟོས་འབྱུང་སྒྲིག་ཆས་དྲོད་ཚད་དམའ་བའི་མཛོད་ཧྲིལ་པོར་ཁྱབ་པ་བྱས་ནས། ཉིན་གང་ལ་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་ཐུབ་རྒྱུ་དང་།    དྲོད་ཚད་རྒྱུན་ལྡན་མིན་པའི་བརླན་བཤེར་གྱིས་བརླན་སེལ་དང་རླུང་རྒྱུག་མ་ལག་མགྱོགས་མྱུར་བསྐྲུན་ནས་དུས་ཐུང་ནང་སྐམ་བཟོའི་ཁོར་ཡུག་ཅིག་གཏོད་རྒྱུ་རེད།     དྲོད་ཚད་དམའ་པོ་དང་སྐམ་ཤས་ཆེ་བའི་ཆ་རྐྱེན་འོག་སོན་རྒྱུའི་ཐོན་ཁུངས་རུལ་དཀའ་བ་དང་འབུ་བརྒྱབ་ཚེ་ལོ30ཡན་རིང་སོན་རྒྱུའི་གསོན་ཤུགས་འགན་ལེན་བྱེད་ཐུབ།     

མཚོ་བོད་ས་མཐོའི་ཕྱུགས་རྩྭའི་རྒྱུད་མཆེད་ཐོན་ཁུངས་ཀྱི་དྲོད་ཚད་དམའ་བའི་མཛོད་དེ2022ལོར་བསྐྲུན་ནས་སྤྱོད་འགོ་འཛུགས་རྒྱུ་དང་། མཚོ་སྔོན་ཞིང་ཆེན་གྱི་ཕྱུགས་རྩྭའི་རྒྱུད་མཆེད་ཐོན་ཁུངས་ཉར་ཚགས་ཀྱི་གཞི་ཁྱོན་ཆེ་ཤོས་དང་ཉར་ཚགས་ལག་རྩལ་གྱི་ཆེས་སྔོན་ཐོན་གྱི་དོ་དམ་དང་ཚན་ཞིབ་ལས་སྟེགས་གལ་ཆེན་ཞིག་ཏུ་འགྱུར་རྒྱུ་དང་།    ཞིང་ཆེན་ཡོངས་མ་ཟད་མཚོ་བོད་ས་མཐོའི་ས་ཁུལ་ཡོངས་ཀྱི་རྩི་ཤིང་གི་རྒྱུད་མཆེད་ཐོན་ཁུངས་ཉར་ཚགས་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱ་རྒྱུ་རེད།

ལོ་ཙཱ་བ།རྟ་མགྲིན་དཔལ།