རང་ཞིང་གི་བྱི་རིམས་སྔོན་འགོག་ཚོད་འཛིན་སྲོལ་ཡིག་ཅེས་པར་གྲོས་འཆམ་བྱུང་།

        ཉེ་ལམ། མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐོག མཚོ་སྔོན་ཞིང་ཆེན་གྱི་བྱི་རིམས་སྔོན་འགོག་ཚོད་འཛིན་སྲོལ་ཡིག་ཅེས་པར་གྲོས་འཆམ་བྱུང་བ་དང་། སྲོལ་ཡིག་དེའི་ནང་སྲོག་ཆགས་འཕྱི་བ་སོགས་བྱི་རིམས་ཀྱི་འབྱུང་ཁུངས་སྲོག་ཆགས་རྔོན་རྒྱག་འཛིན་བཟུང་བྱེད་པ་དང་། གསོ་ཚགས་བྱེད་པ། ལྟོ་སྟེར་བ་སོགས་བྱས་མི་ཆོག་པའི་གཏན་འབེབས་གསལ་པོར་བྱས་འདུག

སྲོལ་ཡིག་དེའི་ནང་། འཕྱི་བ་སོགས་བྱི་རིམས་ཀྱི་འབྱུང་ཁུངས་སུ་གཏོགས་པའི་སྲོག་ཆགས་རྔོན་རྒྱག་འཇུ་བཟུང་བྱས་ཚེ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ནགས་ལས་རྩྭ་ཐང་ངམ་འཕྲོད་བསྟེན་བདེ་ཐང་གཙོ་འགན་སྡེ་ཁག་གིས་འགན་འཁྲི་ཁག་བགོས་ལྟར་ཁྲིམས་འགལ་བྱ་སྤྱོད་མཚམས་འཇོག་བྱེད་དུ་འཇུག་དགོས་པ་དང་། འཕྱི་བ་སོགས་བྱི་རིམས་འབྱུང་ཁུངས་སུ་གཏོགས་པའི་སྲོག་ཆགས་རྔོན་རྒྱག་འཛིན་བཟུང་ཡོ་ཆས་དང་ཁྲིམས་འགལ་ཐོབ་ཆ་གཞུང་བཞེས་གཏོང་དགོས་པ་མ་ཟད། སྒོར་ཉིས་སྟོང་ནས་ཁྲི་གཅིག་བར་གྱི་དངུལ་ཆད་གཅོད་དགོས་པའི་གཏན་འབེབས་བྱས་འདུག

ངོ་སྤྲོད་བྱས་པར་གཞིགས་ན། མཚོ་སྔོན་ནི་རང་རྒྱལ་གྱི་བྱི་རིམས་ཚབས་ཆེ་བའི་ས་ཁུལ་གྱི་གྲས་ཤིག་ཡིན་པས། ད་ཐེངས་ཁྲིམས་འཛུགས་ཀྱི་རྣམ་པའི་ཐོག་ནས་བྱི་རིམས་སྔོན་འགོག་ཚོད་འཛིན་ལས་དོན་ཚད་ལྡན་བཟོས་པ་དེ་ནི་དོན་སྙིང་ཆེན་པོ་ལྡན་པ་ཞིག་ཡིན་པ་རེད།