དུར་མཆོད་གུང་གསེང་སྐབས་མཚོ་ཤར་གྱིས་ཡུལ་སྐོར་ཡོང་འབབ་སྒོར་ཁྲི3257མངོན་འགྱུར་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཆེས་མཛེས་པའི་ཟླ་བཞི་པར་གནམ་གཤིས་ཇེ་དྲོ་རུ་སོང་བ་དང་བསྟུན་དུར་མཆོད་ཀྱི་གུང་གསེང་ལ་ཡང་སླེབས་བྱུང་བས། མཚོ་ཤར་ཉེ་འཁོར་དུ་ལམ་ཐག་ཐུང་ངུར་ཡུལ་སྐོར་བྱེད་པའི་འགྲུལ་བའང་མཚམས་མ་ཆད་པས་ཁུལ་ཡོངས་ཀྱི་ཡུལ་སྐོར་ལྗོངས་ཁུལ་ལ་མི་ཚོགས་ཀྱི་ཚ་རླབས་འཕྱུར། དེ་ཡང་མཚོ་ཤར་ཡུལ་སྐོར་སྡེ་ཁག་གིས་སྡོམ་རྩིས་བྱས་པ་ལྟར་ན། དུར་མཆོད་གུང་གསེང་ཐུང་ཐུང་གི་སྐབས་མཚོ་ཤར་གྲོང་ཁྱེར་གྱི་ས་ཁུལ་སོ་སོའི་ཡུལ་སྐོར་སྡེ་ཁག་གིས་ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་འགྲུལ་བ་མི་ཐེངས་ཁྲི11.53ལ་སྣེ་ལེན་བྱས་ཤིང་། གྲོང་ཁྱེར་ཡོངས་ཀྱིས་ཡུལ་སྐོར་ཡོང་འབབ་སྒོར་ཁྲི3257.52མངོན་འགྱུར་བྱས་ཡོད་ཟེར།

མཚོ་ཤར་གྲོང་ཁྱེར་ཧོར་གྲོང་ཧོར་རིགས་རང་སྐྱོང་རྫོང་གི་ཧོར་རིགས་ཀྱི་ཕ་གཞིས་གླིང་ཀ་ནི་ཡུལ་སྐོར་པས་མཛེས་ལྗོངས་ལ་རོལ་མྱོང་དང་ཁམས་གཡེང་གུང་གསེང་གཏོང་ས་དང་། དམངས་སྲོལ་ཉམས་ལེན་བྱ་ཡུལ་བཅས་ངོ་བོ་གཅིག་ཏུ་བསྡུས་པའི་ཕྱོགས་བསྡུས་རང་བཞིན་གྱི་ཡུལ་སྐོར་ལྗོངས་ཁུལ་ཞིག་ཡིན། ཉེ་ལམ། གུང་གསེང་ཐུང་ངུ་འདི་སླེབས་པ་དང་བསྟུན་ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་པ་མང་པོ་ཞིག་གཟིགས་ཞིབ་ཉམས་ལེན་དང་ཧོར་རིགས་དམངས་སྲོལ་རིག་གནས་ལ་རྒྱུས་ལོན་བྱེད་དུ་འོངས་ཡོད། རྒྱུས་ལོན་བྱས་པ་ལྟར་ན། འདས་ཟིན་པའི་དུར་མཆོད་གུང་གསེང་ཐུང་ངུའི་ནང་ཧོར་གྲོང་ཧོར་རིགས་ཀྱི་ཕ་གཞིས་གླིང་གིས་ཁྱོན་བསྡོམས་འགྲུལ་བ་མི་ཐེངས3625ལ་སྣེ་ལེན་བྱས་ཤིང་། སྒོ་བྱང་འཛིན་ཡིག་གི་ཡོང་འབབ་སྒོར་ཁྲི4.06ཡིན་ལ། ཡུལ་སྐོར་ཡོང་འབབ་སྒོར་ཁྲི134.12མངོན་འགྱུར་བྱུང་ཡོད་པས། ཡུལ་སྐོར་འགྲུལ་བའི་ཁ་གྲངས་དེ་ལོ་སྔོན་མ་ལས་ཡར་འཕར་བ་དང་ལྗོངས་ཁུལ་གྱི་བརྟན་འཇགས་དང་གོ་རིམ། བདེ་བླག་བཅས་ཀྱིས་དུར་མཆོད་གུང་གསེང་ཐུང་ངུའི་རིང་གི་སྣེ་ལེན་གྱི་ལས་འགན་ཡོངས་འགྲུབ་བྱུང་ཡོད།

ཧོར་རིགས་ཕ་གཞིས་གླིང་ལྗོངས་ཁུལ་དོ་དམ་ཨུ་ཡོན་ལྷན་ཚོགས་ཀྱི་འབྲེལ་ཡོད་འགན་ཁུར་མི་སྣས་ངོ་སྤྲོད་ལྟར་ན། ཕ་གཞིས་གླིང་འདིའི་འགྲུལ་བ་གཙོ་བོ་ནི་ཧོར་གྲོང་རྫོང་དང་ཟི་ལིང་གྲོང་ཁྱེར། ཀན་སུའུ་ཞིང་ཆེན། ཧྲན་ཞི་ཞིང་ཆེན་སོགས་ཉེ་འཁོར་ས་ཁུལ་དག་ཡིན་ལ། དེའི་རྐྱེན་གྱིས་ལྗོངས་ཁུལ་གྱིས་དྲིལ་སྒྲོག་བྱ་བ་འབོར་ཆེན་བསྒྲུབས་ཡོད། དེ་དང་ཆབས་ཅིག ཡུལ་སྐོར་ལས་ཞུགས་མི་སྣ་དག་ལ་འབྲེལ་ཡོད་ཟབ་སྦྱོང་དང་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་འགྲུལ་བ་ལྟ་སྐོར་ལ་ཕེབས་རྒྱུར་བསུ་བ་བྱས་ཡོད། དེའི་ཕྱིར་ལྗོངས་ཁུལ་གྱིས་བདེ་འཇགས་གོ་རིམ་དང་བདག་དོམ་གོ་རིམ། ཡུལ་སྐོར་གོ་རིམ་བཅས་ལ་ཁག་ཐེག་བྱས་ཏེ། རྒྱ་ཆེའི་ཡུལ་སྐོར་བ་དག་ལ་སྤུས་ལེགས་དང་བདེ་འཇགས། དཔལ་ཡོན་བཅས་ཀྱི་ཡུལ་སྐོར་ཁོར་ཡུག་ཤིག་མཁོ་སྤྲོད་ཀྱིས་ཡུལ་སྐོར་བ་དག་གི་འདོད་འདུན་སྔར་ལས་ཚིམས་སུ་བཅུག་ཡོད། ལྗོངས་ཁུལ་དེས་ནུས་ཤུགས་གང་ཡོད་སྒོས་གུང་གསེང་གི་བདེ་འཇགས་དང་རྒྱུན་ལྡན་ཅན་གྱི་རིམས་འགོག་ཚོད་འཛིན། དེ་མིན་ལྗོངས་ཁུལ་གྱི་སྣེ་ལེན་བྱ་བ་སོགས་དམ་འཛིན་བྱས་ཏེ། དུས་བཅད་དང་སྣོལ་སྡེབ། ཚད་བཀག་བཅས་ཀྱི་སྤྱིའི་རེ་འདུན་ལག་བསྟར་ནན་མོ་བྱས། ཡུལ་སྐོར་མཁན་དག་ལ་ཡིད་རྟོན་མཚོ་སྔོན་གྱི་བདེ་ཐང་གཤེར་ཨང་ཞིབ་བཤེར་དང་ལུས་པོའི་བརྟག་དཔྱད་ཚད་ལེན། དངོས་མིང་ཐོ་ཞུགས་སོགས་རིམས་འགོག་བྱེད་ཐབས་ཀྱི་བླང་བྱ་ཡང་ལག་བསྟར་ནན་མོ་བྱས། ལྗོངས་ཁུལ་དེས“ཁྱོད་ཀྱིས་འཛིན་བྱང་ཉོས་ན་ང་ཡིས་ཆང་སྟེར”ཞེས་པའི་བྱ་འགུལ་བདེ་བླག་ངང་སྤེལ་ཏེ་གུང་གསེང་ཡར་སྔོན་གྱི་འཛིན་བྱང་ལས་དོན་མ་ལག་ལ་ཞིབ་བཤེར་ངང་གུང་གསེང་གི་དམིགས་གསལ་གནས་ཚུལ་ལ་ཁ་གཏད་དེ། དམིགས་གསལ་གྱིས་ཏང་ཡོན་སྔོན་ཐོན་ཞབས་ཞུའི་ལས་རྐང་དང་འཛིན་བྱང་ལས་དོན་འདྲི་རྟོག་ལས་རྐང་། འཛིན་བྱང་སྐུད་ལམ་ཉན་ལེན་ལས་རྐང་སོགས་དམིགས་གསལ་གྱིས་གསར་འཛུགས་བྱས་ཏེ། གུང་གསེང་སྐབས་སུ་ལྗོངས་ཁུལ་ཧྲིལ་བོའི་བྱ་བའི་མི་སྣ་དག་གིས་ལས་རྐང་རྒྱུན་འཁྱོངས་སྒོས་འགན་ནུས་ལག་བསྟར་དངོས་འབེབས་བྱས་པ་རེད།

དེ་དང་ཆབས་ཅིག རྨ་ཙོང་རིག་གནས་བསྡུ་རུབ་དང་མཚོ་སྔོན་དམངས་སྲོལ་རིག་གནས། ཁྱད་ལྡན་ཟས་མཆོག་གི་དམར་གཙང་ཆུས་ཀྱི་དམར་གཙང་ས་ཁུལ་རྨ་ཙོང་དམངས་སྲོལ་རིག་གནས་ཉམས་ཞིབ་ས་ཁུལ་སོགས་ནི་གུང་གསེང་ཁྲོད་ཀྱི་སྡོད་དམངས་དང་ཡུལ་སྐོར་པའི་ལྟ་སྐོར་དང་ཁམས་གཡེང་བྱ་ཡུལ་གནས་ལེགས་པོ་ཞིག་ཏུ་གྱུར་ཡོད། དུར་མཆོད་གུང་གསེང་ཐུང་ངུར་ཁ་གཏད་དང་ཡུལ་སྐོར་དུས་ཚིགས་ཀྱི་ཡུལ་སྐོར་བའི་ཚ་རླབས་འཕྱུར་བའི་དོན་དངོས་དང་བསྟུན་ནས། དམར་གཙང་ས་ཚིགས་རྨ་ཙོང་དམངས་སྲོལ་རིག་གནས་ཉམས་ཞིབ་ལྗོངས་ཁུལ་གྱིས་སྔ་མོ་ནས་བཀོད་སྒྲིག་ཡོད་པའི་ངང་གནས་སྐབས་རླངས་འཁོར་འཇོག་ས་ཕྱེས་ནས། ལྗོངས་ཁུལ་ཁོར་ཡུག་གི་བདག་དོམ་སོགས་ཀྱི་བྱེད་ཐབས་ལ་ཤུགས་སྣོན་དང་ཡུལ་སྐོར་བ་དག་ལ་བདེ་འཇགས་ཁམས་གཡེང་གི་ཡུལ་སྐོར་ཁོར་ཡུག་ཤིག་མཁོ་སྤྲོད་བྱས་ཡོད།

དམར་གཙང་ས་ཚིགས་རྨ་ཙོང་དམངས་སྲོལ་རིག་གནས་ཉམས་ཞིབ་ས་ཁུལ་གྱི་འགན་ཁུར་མི་སྣ་ཀྲང་མེན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། དུར་མཆོད་གུང་གསེང་ཐུང་ངུའི་སྐབས་ལྗོངས་ཁུལ་དེས་ཁྱོན་བསྡོམས་ཡུལ་སྐོར་འགྲུལ་བ་མི་ཐེངས་ཁྲི1.51ལ་སྣེ་ལེན་བྱས་ཤིང་། ཡུལ་སྐོར་ཡོང་འབབ་སྒོར་ཁྲི29.86མངོན་འགྱུར་བྱུང་ཡོད་ཟེར། གུང་གསེང་གི་སྐབས་སུ་ལྗོངས་ཁུལ་དེས་ཟས་རིགས་བདེ་འཇགས་ལ་ཚོད་འཛིན་སྒོས་ཡུལ་སྐོར་བ་དག་གིས་བདེ་འཇགས་ཀྱི་ཟས་རིགས་ལ་རོལ་བ་དང་ཟ་མ་ཟ་དུས་སེམས་བདེར་འབབ་དུ་བཅུག དེ་མིན་ལྗོངས་ཁུལ་དེར་ཉིན་རེ་རེར་འཁྲབ་སྟོན་མི་འདྲ་བ་རེ་ཡོད་ལ། མཚོ་སྔོན་ས་ཁུལ་གྱི་དབྱངས་རྟའི་སྒྱུ་རྩལ་དང་ད་རུང་རྨ་ཙོང་ཟས་མཆོག་འགྲེམས་སྟོན། ད་རུང་མཚོ་སྔོན་གྱི་མཛའ་གཞས་འཁྲབ་སྟོན་བཅས་ཀྱིས་ཡུལ་སྐོར་བའི་གུང་གསེང་སྐབས་ཀྱི་རིག་རྩལ་བྱ་འགུལ་དང་ཡུལ་སྐོར་བྱ་འགུལ་སྔར་ལས་ཕུན་སུམ་ཚོགས་པར་བཏང་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།