མཚོ་སྔོན་ཞིང་ཆེན་གྱིས2021ལོའི་ཞིང་ལས་ཐོན་རྫས་འབོར་ཆེན་ལ་དུས་བཅད་གནས་ཚུལ་གྱི་བརྗེ་རེས་ཚོགས་འདུ་བསྡུས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ4པའི་ཚེས2ཉིན། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཚོགས། མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེའི་ཐིན། མཚོ་སྔོན་ཞིང་ཆེན་སྣེ་འདྲེན་ཁེ་ལས་མཐུན་ཚོགས་བཅས་ཀྱིས་གཙོ་སྒྲུབ་བྱས་པའི2021ལོའི་ཞིང་ལས་ཐོན་རྫས་འབོར་ཆེན་ལ་དུས་བཅད་གནས་ཚུལ་གྱི་བརྗེ་རེས་ཚོགས་འདུ་བསྡུས།

“ཞིང་གསུམ”གནད་དོན་ཐད་ལ་ལོ་རབས་དུ་མར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཐོང་ཆེན་ཐོབ་ནས། ཞིང་པའི་ཡོང་སྒོ་འཕར་སྣོན་དང་འབྲུ་རིགས་ཀྱི་བདེ་འཇགས་ནི“ཞིང་གསུམ”གནད་དོན་ཁྲོད་ཀྱི་དོན་བྱ་གལ་ཆེན་ཞིག་ཀྱང་ཡིན། ད་ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོས་སྤུས་ལེགས་འབྲུ་རིགས་ཀྱི་བཟོ་སྐྲུན་སོགས་བཟོ་སྐྲུན་གལ་ཆེན་དང་གྲོང་གསེབ་འཛུགས་སྐྲུན་ལས་འགུལ་སོགས་སྐུལ་འདེད་གཏིང་ཟབ་ཏུ་སྤེལ་རྒྱུར་བཀོད་སྒྲིག་བྱས་ཡོད། ཞིང་ལས་དེང་རབས་ཅན་གྱི་དཔེར་མཚོན་ས་ཁུལ་སོགས་དཔེར་མཚོན་ས་ཁུལ་གསར་སྐྲུན་སྒོས་ཆུ་འབྲས་དང་གྲོ། མ་རྨོས་ལོ་ཏོག་སོགས་འབྲུ་རིགས་ལོ་ཏོག་ཆེན་པོ་གསུམ་གྱི་མ་རྩའི་འགན་བཅོལ་དང་ཡོང་འབབ་འགན་བཅོལ་ཚོད་ལྟའི་ཁྱབ་ཁོངས་རྒྱ་བསྐྱེད་དེ། གོམ་གང་མདུན་སྤོས་སྒོས“ཞིང་གསུམ”གྱི་འཐབ་ཇུས་རྒྱབ་སྐྱོར་བྱེད་ནུས་ཇེ་ཆེར་བཏང་ནས། ཞིང་ལས་ཞིང་སྡེ་དེང་རབས་ཅན་དེ་རྣམ་པ་གསར་པའི་མཁར་གྲོང་ཅན་དང་བཟོ་ལས་ཅན། བརྡ་འཕྲིན་ཅན་གྱི་གོམ་སྟབས་ལ་བསྒྱུར་རྒྱུར་འབད་བརྩོན་བྱས། ན་ནིང་ནས་བཟུང་འབྲུ་སྣུམ་དང་གཟན་ཆས་ཀྱི་རིན་གོང་ཇེ་མཐོ་ནས་ཇེ་མཐོར་སོང་ཤིང་། ཕག་ཤ་དང་བྱ་སྒོང་གི་རིན་ཐང་ཇེ་དམའ་རུ་འགྲོ་བཞིན་ཡོད། འབྲུ་སྣུམ་ལས་སྣོན་ཁེ་ལས་དང་གསོ་སྤེལ་ཁེ་ལས་ཀྱི་མ་རྩ་མཐོ་ཞིང་ཁེ་སྤོགས་ཅུང་དམའ་པས་ཚོང་གཉེར་གནོན་ཤུགས་ཇེ་ཆེར་སོང་ཡོད།

མཚོ་སྔོན་ཞིང་ཆེན་ནི་དཔྱིད་ཀར་ཀེ་ཚེ་འདེབས་འཛུགས་བྱེད་པའི་ཞིང་ཆེན་ཆེན་པོ་ཞིག་ཡིན་ལ། འདེབས་འཛུགས་ཀྱི་རྒྱ་ཁྱོན་མུའུ་ཁྲི300ལྷག་བརྒལ། དེ་ཡང་ལོ་རེའི་ཀེ་ཚེ་སྣུམ་གྱི་ཐོན་ཚད་ནི་ཏུན་ཁྲི30ལྷག་ཡིན། ཞིང་ཆེན་ཡོངས་ཀྱི་ལོ་རེའི་ཐོན་སྐྱེད་ལས་སྣོན་ནུས་ཤུགས་དེ་ཏུན་ཁྲི5ཡི་ཡན་ཞིང་སྣུམ་རིགས་ཁེ་ལས7ཡོད། འབྲུ་སྣུམ་ལས་སྣོན་དང་ཉོ་འཚོང་གི་ཁེ་ལས་གཉེར་མཁན་བཅུ་ལྷག་ཡོད། དེ་མིན་མཚོ་སྔོན་ཞིང་ཆེན་དུ་ད་རུང་ཕག་དང་བྱ་སྒོང་གསོ་སྤེལ་ཁེ་ལས་མང་པོ་ཡོད་ལ། ལོ་རེར་མ་རྨོས་ལོ་ཏོག་དང་སྲན་མ་སོགས་ཀྱི་གཟན་ཆས་འབོར་ཆེན་ཟད་གྲོན་དུ་བཏང་། ཉེ་ལམ། ཏ་ལེན་ཚོང་རྫས་ཉོ་འཚོང་དང་ཀྲིན་ཀྲུའུ་ཉོ་འཚོང་བརྗེ་རེས་ཀྱིས་འབྲུ་རིགས་དང་གསོ་སྤེལ་ཐོན་ལས་ཀྱི་དགོས་མཁོ་གཞིར་བཟུང་སྟེ། སྔ་ཕྱིར་མ་རྨོས་ལོ་ཏོག་དང་སྲན་མ། སྲན་ཕྱེ། ཀེ་ཚེའུ་སྣུམ། སྲན་སྣུམ། བྱ་སྒོང་སོགས་ཀྱི་དུས་བཅད་ཉོ་འཚོང་རིགས་བཀར་བྱས་ཤིང་། ད་ལོའི་ཟླ1པོར་ཕག་གསོན་པོའི་དུས་བཅད་དེ་ཏ་ལེན་ཚོང་རྫས་ཉོ་འཚོང་སའོ་རུ་བདེ་བླག་ངང་ཚོང་ར་ལ་བཀྲམ་པ་རེད།

མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱི་ཐིན་ཀྲང་ཧྥན་ཨེ་ཅི་ཡིས་བཤད་རྒྱུར། “རང་ཞིང་གི་འབྲུ་སྣུམ་ལས་སྣོན་ཉོ་འཚོང་དང་གསོ་ཕག བྱ་སྒོང་། སྒོ་ཕྱུགས་གསོ་སྤེལ་སོགས་ཀྱི་ཁེ་ལས་ལ་ཞབས་ཞུ་ལེགས་པོ་ཞིག་བསྒྲུབ་ཆེད། ཁེ་ལས་ལ་རྒྱུས་ལོན་ཐད་མཛུབ་སྟོན་དང་བེད་སྤྱོད་དུས་བཅད་ཀྱི་ཡོ་བྱད་དེ་ཁེ་ལས་ཀྱི་གཏན་འཇགས་ཚོང་གཉེར་ཀྱི་ཚད་གཞི་ལ་སླེབས་ཆེད། མ་བཅོས་རྒྱུ་ཆ་དང་ཐོན་རྫས་རིན་གོང་གི་རླབས་སྐྱོམ་ཉེན་ཁ་ཇེ་དམའ་རུ་བཏང་ནས། ཁེ་ལས་ཀྱི་ཚོང་གཉེར་ཉེན་ཁའི་འགོག་སྲུང་ཇེ་ཆེར་བཏང་། དེ་རིང་ང་ཚོས་ཆེད་དུ་ཐོན་ལས་བརྗེ་རེས་ཚོགས་འདུ་སྤེལ་དོན། ཕྱོགས་གཅིག་ནས་ཁེ་ལས་ཡོངས་ཁྱབ་ཤེས་བྱ་ལ་བརྟེན་ནས་ཧྲང་ཧའེ་ཀོ་ཐའེ་ཅོན་ཨན་གྱི་དུས་བཅད་ཞིབ་འཇུག་སའོ་ཡི་ཆེད་མཁས་པ་ལ་ཞིང་ལས་ཐོན་རྫས་དང་གསོ་ཕག་གི་མ་འོངས་བའི་གནས་ཚུལ་གྱི་འཁོར་ཕྱོགས་ལ་དབྱེ་ཞིབ་བྱ་རུ་བཅུག ཕྱོགས་གཞན་ཞིག་ནས་ཁེ་ལས་ལ་དུས་བཅད་ཐོན་རྫས་ཀྱི་ཡོ་བྱད་ལ་བརྟེན་ནས་ང་ཚོའི་ཉེན་ཁ་ཇེ་ཞན་ཐོག་ཡོང་སྒོ་ཇེ་མང་དུ་བཏང་ནས། ཁེ་ལས་གཏན་འཇགས་དང་ཞིང་བའི་ཐོན་སྐྱེད་ཡོང་འབབ་གཏན་འཇགས་སྒོས་ཁེ་ལས་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ཡོད”ཟེར།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།