སྲུང་སྐྱོབ་མི་སྣས་ཉེན་ཁར་ཕྲད་པའི་ཤྭ་བ་ཁ་སྐྱ་ཞིག་བསྐྱབས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ4པའི་ཚེས5ཉིན། རྨ་འབྲི་རྫ་གསུམ་རྒྱལ་ཁབ་སྤྱི་གླིང་གི་རྫ་ཆུའི་སྤྱི་གླིང་ནང་ཁུལ་དུ་ཕྱི་རོལ་ལ་གཟན་རྩྭ་འཚོལ་དུ་འགྲོ་བའི་ཤྭ་བ་ཁ་སྐྱ་ཞིག་ཁྱི་ལྡོམ་སྐོར་ཞིག་གིས་བསྐོར་ནས་ཉེན་ཁར་འཕྲད། སྟབས་ལེགས་པ་ཞིག་ལ་ཤྭ་བ་ཁ་སྐྱ་འདི་སྐོར་ཞིབ་མི་སྣས་མཐོང་ནས་སྲོག་བསྐྱབས་པ་རེད།

བདག་སྐྱོང་དོ་དམ་མི་སྣས་བརྙན་ཕབ་བྱས་པའི་བརྙན་རིས་ལས་མཐོང་བ་ལྟར་ན། རྫ་ཆུའི་འགྲམ་དུ་ཤྭ་བ་ཁ་སྐྱ་ཞིག་ཁྱི་ལྡོམ་སྐོར་ཞིག་གིས་བདའ་འདེད་བྱས་ཤིང་། རིང་པོ་མ་ལོན་པར་ཟིན་ལ་ཉེ་དུས་ཡང་ཟོར་ལྡན་པའི་ཤྭ་བ་ཁ་སྐྱ་དེ་མྱུར་དུ་ཆུར་མཆོངས་ནས་གཙང་འགྲམ་དུ་རྐྱལ་ནས་སོང་། མ་བསམ་ས་ནས་གཙང་བོའི་འགྲམ་དུ་ཡང་ཁྱི་ལྡོམ་གཉིས་ཀྱིས་ཁ་གདངས་མིག་ཅེར་སྒོས་བལྟས་བསྡད་ཡོད། ཤྭ་བ་ཁ་སྐྱས་རང་ཉིད་ཕྱོགས་ཡོངས་ནས་ཁྱི་ལྡོམ་གྱིས་བསྐོར་བ་ཤེས་པས་ཆུ་ནང་དུ་ཕར་འགྲོ་ཚུར་འགྲོ་བྱས་ཏེ་བྲོས་བྱོལ་བྱེད་ཀྱི་ཐར་པའི་གོ་སྐབས་ལ་སྒུག་ཡོད།

མིག་མདུན་གྱི་རྣམ་པ་འདི་རི་ལ་སྐོར་ཞིབ་བྱེད་པའི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་རྣམ་སྲས་ཡུལ་ཚོའི་སྐོར་ཞིབ་མི་སྣ་དང་རྨ་འབྲི་རྫ་གསུམ་རྒྱལ་ཁབ་སྤྱི་གླིང་རྫ་ཆུའི་འགོ་ཁུངས་སྤྱི་གླིང་གི་ཁྲིམས་འཛིན་མི་སྣས་ཤེས་རྟོགས་བྱུང་པས། ཁོ་ཚོ་མྱུར་དུ་གནས་དེར་རྒྱུག་ཕྱིན་ནས་ཁྱི་ལྡོམ་དེ་དག་བདའ་ནས་ཤྭ་བ་ཁ་སྐྱ་ལ་སྲུང་སྐྱོབ་བྱས་ཏེ་ནགས་ཚལ་ཁྲོད་བསྐྱལ།

འབྲི་སྟོད་རྫོང་རྣམ་སྲས་ཡུལ་ཚོའི་ཡུལ་དཔོན་གཞོན་པ་བསོད་ནམས་བསྟན་འཛིན་གྱིས་བཤད་རྒྱུར། ཤྭ་བ་ཁ་སྐྱ་འདིས་གཟན་རྩྭ་འཚོལ་དུས་ཁྱི་ལྡོམ་ལ་འཕྲད་པ་ཡིན་ལ། ཁྱི་ལྡོམ་དག་གི་ཚུར་རྒོལ་གྱི་དབང་གིས་གྲོགས་མེད་ཁེར་རྐྱང་དུ་ལུས་པའི་གནས་ཚུལ་འོག་ད་བཟོད་རང་ཉིད་གཙང་བོའི་དཀྱིལ་དབུས་སུ་སོང་སྟེ་རང་ཉིད་ལ་སྲུང་སྐྱོབ་བྱས་པ་རེད་ཟེར།

ཤྭ་བ་ཁ་སྐྱ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཡིན། ཤྭ་བ་ཁ་སྐྱ་ལ་མཚོན་ནས་བཤད་ན་རི་འགོར་འཛེགས་པ་དང་བྲག་ངོས་སུ་མཆོང་བ་སོགས་ལ་གནད་དོན་ཅི་ཡང་མེད་པ་མ་ཟད། ཆུར་རྐྱལ་བ་ལ་ཡང་ནུས་པ་ངེས་ཅན་ཞིག་ཡོད་པས་ཁོས་དྲག་ཏུ་བཞུར་པའི་གཙང་བོ་འཕྲེད་ཀྱིས་གཏུབ་ཐུབ། རྨ་འབྲི་རྫ་གསུམ་རྒྱལ་ཁབ་སྤྱི་གླིང་གིས་སྔོན་ཆད་ཤྭ་བ་ཁ་སྐྱའི་ཁྱུ་ཚོགས་གཙང་བོར་བརྒལ་བའི་བརྙན་ཕབ་ལེན་བྱས་ཡོད། ཆུ་དམར་ལེབ་མངའ་ཁོངས་ཀྱི་འབྲི་ཆུའི་རབ་ཁ་ག་གེ་མོ་རུ་ཤྭ་བ་ཁ་སྐྱ་བདུན་བཅུར་ཉེ་བ་ཡོད་ལ། སྔ་གཞུག་ཏུ་འབྲི་ཆུར་མཆོངས་ནས་འགྲམ་དུ་རྐྱལ་བཞིན་ཡོད། ཁོ་ཚོ་ཆུ་བོར་བརྒལ་བ་ལ་གོ་རིམ་ངེས་ཅན་ཞིག་ཡོད་ཏེ་ཤ་ཕོ་དག་གིས་སྣེ་ཁྲིད་པ་དང་ལུས་སྟོབས་རྒྱས་པའི་ཤྭ་བ་དག་གིས་ཤྭ་བ་རྒན་གྲས་དང་ཉམ་ཞན་དག་ལ་སྲུང་སྐྱོབ་བྱེད་བཞིན་ཡོད་པས། སྒྲིག་སྲོལ་ཅན་གྱི་དམག་མི་ནང་བཞིན་རིམ་གྱིས་འགྲམ་དུ་རྐྱལ་འོངས།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།