མཚོ་ཤར་གྲོང་ཁྱེར་གྱིས་རྨ་ཙོང་གསར་སྤེལ་ཆུས་ལ་མ་དངུལ་སྒོར་ཁྲི1390བཏང་ནས་མཛེས་སྡུག་གི་གླིང་ཁུལ་གསར་སྐྲུན་བྱ་རྒྱུ་ཡིན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཞག་གཅིག་དཔྱིད་རླུང་ལྡང་པས་མེ་ཏོག་དྲི་མས་མཁར་ཡོངས་ཁེབས། ཉིན་འདི་དག་གི་རིང་ལ། མཚོ་ཤར་གྲོང་ཁྱེར་གྱི་རྨ་ཙོང་གསར་སྤེལ་ཆུས་སུ་འགྲོ་འོངས་བྱས་པ་ན། ལམ་འགྲམ་གཉིས་སུ་ལྗང་མདོག་གི་གསོན་ཤུགས་གསར་པ་ཞིག་རྒྱས་ཡོད། ལྗང་མདོག་གི་གསོམ་སྡོང་དང་དམར་སྨུག་གི་ལི་ཤིར་བཀྲག་མདངས་མངོན། སྣ་ལ་ཞིམ་པའི་དྲི་བསུང་གིས་མི་སེམས་དབང་མེད་དུ་བཟི་རུ་འཇུག་པས། གསར་སྤེལ་ས་ཁུལ་ཧྲིལ་བོར་མཛེས་པ་སྔ་ན་མེད་པ་ཞིག་བསྣན་ཡོད།

རྒྱལ་ཡོངས་ལྗང་སྒྱུར་སྔར་ལས་ཇེ་མགྱོགས་སུ་གཏང་ཆེད། གསར་སྤེལ་ས་ཁུལ་གྱིས་རིམ་པ་སོ་སོའི་སྟོབས་ཤུགས་འདོན་སྤེལ་སྒོས་རི་ལྗང་ཆུ་གཙང་འཛུགས་སྐྲུན་དང་སྐྱེ་ཁམས་གཞིས་སྡོད་ཀྱི་མཛེས་སྡུག་ཡིད་དུ་འོངས་བའི་རྨ་ཙོང་གསར་ཁུལ་བཙུགས་ཡོད། ཉེ་ལམ། མཚོ་ཤར་རྨ་ཙོང་གསར་སྤེལ་གྱིས2021ལོའི་དཔྱིད་ཚིགས་འོས་འགན་སྡོང་འཛུགས་ནགས་སྐྲུན་གྱི་བྱ་འགུལ་སྤེལ་བ་བརྒྱུད་རྨ་ཙོང་གསར་སྤེལ་ས་ཁུལ་གྱི2021ལོའི་དཔྱིད་ཚིགས་ཀྱི་དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་ནགས་སྐྲུན་གྱི་འབད་འབུངས་ཆེན་མོའི་སྒོ་གླེགས་ཡང་ཕྱེས་པ་རེད། དེ་ལྟར་འོས་འགན་སྡོང་འཛུགས་བྱ་འགུལ་གྱིས་ལི་ཤིག་དང་གསོན་པ་སོགས་རིགས་མི་འདྲ་བའི་སྡོང་ཕྲུག4000ལྷག་འདེབས་འཛུགས་བྱས་ཤིང་ས་ཤུན་རྒྱ་ཁྱོན་མུའུ24ལྗང་སྒྱུར་བྱས་པ་རེད།

གླིང་ཁུལ་དེ་བཙུགས་པ་ནས་བཟུང་། སྐྱེ་ཁམས་ནི་རྨ་ཙོང་གསར་སྤེལ་འཕེལ་རྒྱས་ཀྱི་གཞི་རྩ་རུ་བཟུང་ཞིང་། ལོ་འདི་དག་གི་རིང་རྨ་ཙོང་གསར་སྤེལ་གྱིས་སྐྱེ་ཁམས་བཅོས་སྐྱོང་ལ་ཤུགས་བསྣན་ནས་ལྗང་མདོག་སྐྱེ་ཁམས་གླིང་འཛུགས་སྐྲུན་བྱེད་པའི་མྱུར་ཚད་ཇེ་མགྱོགས་སུ་བཏང་ཞིང་། ཧུར་ཐག་སྒོས་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་གསར་སྐྲུན་གྱི་སྔོན་ཐོན་གནས་བབ་གཞིར་བཟུང་སྟེ། ཁྱོན་ཡོངས་ནས་འགྲིམ་འགྲུལ་ལྗང་སྒྱུར་དང་གྲོག་རོང་ལྗང་སྒྱུར། ལྗང་སྒྱུར་སྒྲིབ་ཡོལ། ལྗང་མདོག་གི་ར་སྐོར། ལྗང་མདོག་གི་ལས་གྲྭ་སོགས་སྤེལ་རྒྱུར་སྐུལ་འདེད་བཏང་ནས། མུ་མཐུད་དུ་གསར་ཁུལ་གཞུང་ལམ་གྱི་མཛེས་ལྗོངས་ལྗང་སྒྱུར་ལག་བསྟར་སྒོས་སྐྱེ་ཁམས་ཆུ་བོའི་མ་ལག་གི་འདམ་རའི་སྤྱི་གླིང་བཙུགས་ཤིང་། ཕེན་ཞི་དཔལ་འབྱོར་ས་ཁུལ་གྱི་ལྷོ་རི་ལྗང་སྒྱུར། མྱུར་བགྲོད་ལྕགས་ལམ་གསར་སྤེལ་ར་བའི་ལྗང་སྒྱུར་སོགས་ལས་གཞི13ལ་དུས་གཏན་རང་བཞིན་གྱི་ལྗང་སྒྱུར་བཟོ་སྐྲུན་བཙུགས། ལས་གཞི་བཀོད་སྒྲིག་བྱས་མེད་པའི་ས་ངོས་ཧྲིལ་བོར་ལྗང་སྒྱུར་བྱས་ཤིང་། ས་ངོས་ཧྲིལ་བོར་ལྗང་སྒྱུར་མངོན་འགྱུར་བྱུང་སྟེ་ཁྱོན་ཡོངས་ལ་ཁེབས་སུ་བཅུག ད་ལྟ། ལྗང་སྒྱུར་ཡོངས་འགྲུབ་བྱུང་བའི་རྒྱ་ཁྱོན་ལ་མུའུ་ཁྲི3.4ཡོད་ལ་སྤྱིའི་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར9.9ལ་བུད་ཡོད།

ད་ལོ། རྨ་ཙོང་གསར་སྤེལ་གྱིས་མ་དངུལ་སྒོར་ཁྲི1390གཏང་རྒྱུའི་འཆར་གཞི་ཡོངས་འགྲུབ་བྱ་རྒྱུ་རེད་ལ། གཙོ་བོར་ལས་གཞི་སྤེལ་སའི་ས་ཁུལ་དེའི་ནང་དུ་མྱུ་གུ་སྤོར་སྣུར་ཐག་གཅོད་བྱ་བ་ལེགས་པོར་སྒྲུབ་པ་དང་། མུ་མཐུད་དུ་གཞུང་ལམ་འགྲམ་གཉིས་ཀྱི་ལྗོན་པའི་ཁྲོད་སྡོང་ཕྲུག་ཁ་གསབ་བྱ་བ་ལེགས་པོར་སྒྲུབ། མྱུ་གུ་རྙིད་པར་གཙང་སེལ་སོགས་གསོ་སྐྱོང་དང་ཆུ་འདྲེན་བྱ་བ་ལེགས་པོར་སྒྲུབ་རྒྱུ། ལིག་ཝན་ཆུའི་མ་ལག་ལྗང་སྒྱུར་གྱི་ལས་གཞི་བཅོས་སྒྱུར་ལ་སྐུལ་འདེད་བཏང་ནས། ལྗང་མདོག་གཞིས་སྡོད་རིམ་པ་འབུར་དུ་ཐོན་པ་དང་མཐོ་སྒང་གི་མཛེས་སྡུག་ལྡན་པའི་མཁར་གྲོང་གི་དཔེར་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་ཟུང་འབྲེལ་སྒོས་ཁོར་ཡུག་གི་ཕྱོགས་བསྡུས་དག་ཐེར་ལ་ཤུགས་སྣོན་བྱས།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།