མཚོ་སྔོན་ཞིང་ཆེན་གྱི་སྐབས་བཅུ་པའི་སྣེ་ཤན་པའི་འགྲན་སྡུར་འགོ་ཚུགས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ3པའི་ཚེས29ཉིན། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱིས་གཙོ་སྒྲུབ་བྱས་ཤིང་། ཞིང་ཆེན་སྣེ་ཤན་མཐུན་ཚོགས་ཀྱིས་འགན་སྒྲུབ་བྱས་པའི2021ལོའི་མཚོ་སྔོན་ཞིང་ཆེན་སྐབས་བཅུ་པའི་སྣེ་ཤན་འགྲན་སྡུར་གྱི་ཐོག་མའི་འགྲན་སྡུར་དེ་ཟི་ལིང་ནས་སྤེལ་འགོ་ཚུགས་ཤིང་། སྣེ་ཤན་པ127རྒྱ་སྐད་ཚན་ཆུང་དང་སློབ་གླིང་ཚན་ཆུང་། དབྱིན་སྐད་ཚན་ཆུང་བཅས་ལ་བགོས་ནས་འགྲན་སྡུར་ལ་ཞུགས་ཡོད།

རང་ཞིང་གིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་གསར་སྐྲུན་བྱ་ཆེད། རབ་མཛེས་མཚོ་སྔོན་སྐྱེ་ཁམས་ཡུལ་སྐོར་གྱིས་ཁྱོད་ལ་མགྲོན་འབོད་བྱེད་ཞེས་པའི་བྱ་འགུལ་སྤེལ་བཞིན་པའི་ཆེས་གནད་འགག་གི་སྐབས་སུ། ཐེངས་འདིའི་འགྲན་སྡུར་ཆེན་མོས་ཁྱོན་ཡོངས་ནས་རང་ཞིང་གི་རིག་གནས་ཡུལ་སྐོར་ལས་རིགས་དེ་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་སུ་བཏང་ཤིང་། མཚོ་སྔོན་གྱི་གཏམ་རྒྱུད་ལེགས་པོར་བཤད་ནས་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་ཧུར་ཐག་གི་བྱེད་ནུས་ངེས་ཅན་ཞིག་ཐོན་དུ་བཅུག་ཡོད།

འགྲན་སྡུར་གྱིས་འགྲན་སྡུར་ལམ་ལུགས་ནན་མོ་ལག་བསྟར་བྱས་ཤིང་། དཔྱད་འཇོག་ཚད་གཞི་ཞིབ་ཆ་ཅན་ཏུ་བཏང་ཡོད། ཞིང་ཆེན་ཕྱི་ནང་གི་མཐོ་སློབ་སོ་སོའི་ཡུལ་སྐོར་ཆེད་ལས་ཀྱི་ཆེད་མཁས་པ7གདན་འདྲེན་ཞུས་ནས་དཔྱད་འཇོག་བྱས་ཤིང་། གཅིག་བསྡུས་སྒོས་དུས་ཡུན་ཉིན་གསུམ་གྱི་ནང་དུ་འགྲན་སྡུར་བརྙན་རིས་བརྒྱུད་དེ་ཆེད་ལས་རང་བཞིན་གྱི་དཔྱད་འཇོག་སྐར་མ་བརྒྱབ་ནས། དཔྱད་འདེམས་ཁྲོད་ཀྱི་སྤུས་ལེགས་དང་། སྤུས་ལེགས་ཁྲོད་ཀྱི་ངར་ཤུགས་ཅན་འདེམས་རྒྱུར་འགན་སྲུང་བྱས། སྐབས་སྔོན་མ་དག་གི་ཕུལ་བྱུང་མི་སྣའི་ཉམས་མྱོང་བསྡུ་ལེན་བྱས་ཏེ། ཐེངས་འདིའི་འགྲན་སྡུར་གྱིས“ཆ་འཕྲིན+”གི་རྣམ་པ་གསར་གཏོད་བྱས། བརྒྱུད་རིམ་ཧྲིལ་བོ་དོན་དངོས་ཀྱི་བརྙན་ལེན་ལ་བརྟེན་ནས་འགྲན་སྡུར་ལ་ཞིབ་སྡུར་བྱས་ཤིང་། དེར་མ་ཟད་འཁྱུག་དབྱངས་བེད་སྤྱོད་སོགས་སྨྱན་སྦྱོར་གསར་པས་ཕུལ་བྱུང་སྣེ་ཤན་པ་ལ་དྲིལ་སྒྲོག་རྒྱས་བཤད་ཀྱི་རྣམ་པ་ལེགས་པོ་ཞིག་གསར་སྐྲུན་བྱས་ནས། སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ལ་རོགས་འདེགས་ཀྱིས་མཚོ་སྔོན་གྱི་གཏམ་རྒྱུད་ལེགས་པོ་འཆད་དགོས།

ཐོག་མའི་འགྲན་སྡུར་ཁྲོད་མཚོ་སྔོན་གྱི་གཏམ་རྒྱུད་ང་ཡིས་འཆད། རབ་མཛེས་མཚོ་སྔོན་གྱི་འཐུས་ཚབ་པ་ང་རང་བྱེད་ཞེས་པ་བརྗོད་དོན་དུ་བཟུང་ནས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་གྱི་མཛུབ་སྟོན་དམ་འཛིན་གྱིས་སྣེ་ཤན་པའི་སྒྲིག་སྲོལ་རྒྱས་བཤད་དང་ཞབས་ཞུའི་ཆུ་ཚད་མཐོར་འདེགས་སུ་གཏོང་རྒྱུ་དམིགས་འབེན་དུ་བཟུང་ནས། སྐྱེ་ཁམས་ཡུལ་སྐོར་ཧྲིལ་བོ་ལག་ལེན་མཐར་ཕྱིན་དུ་སྤེལ་བ་དང་དམར་ཕྱོགས་ཡུལ་སྐོར། མི་རིགས་མཐུན་སྒྲིལ། ཤེས་རིག་ཡུལ་སྐོར་མཉམ་བསྲེས། ཡུལ་སྐོར་དབུལ་སྐྱོར་བརྗོད་དོན་ཐད་ལ་རྒྱས་བཤད་བྱས། ཡང་དག་པའི་སྒོ་ནས་དུས་རབས་གསར་པ་དང་འགན་འཁྲི་གསར་པ། སྤྱོད་ལམ་གསར་བའི་དེང་རབས་ཀྱི་ཁྱད་ཆོས་ལྡན་པའི་བླང་བྱ་མངོན་འགྱུར་བྱས། དེར་མ་ཟད་ས་ཁུལ་སོ་སོའི་སྣེ་ཤན་ཞབས་ཞུའི་སྒྲིག་སྲོལ་ཚད་ལྡན་མིན་པ་དང་འགྲུལ་བར་བསླུ་བྲིད་གཏོང་བ་སོགས་ཀྱི་གནས་ཚུལ། ད་ལོའི་ཡུལ་སྐོར་ཚ་རླབས་ཀྱིས་རང་ཞིང་ལ་ཡུལ་སྐོར་ལས་རིགས་ཐད་འཕེལ་རྒྱས་གསར་པ་འབྱུང་བའི་གནས་བབ་སོགས་ལ་ཁ་གཏད་དེ། འགྲན་སྡུར་གྱི་རྣམ་པ་བརྒྱུད་ནས་སྣེ་ཤན་གྱི་ལས་འགན་སྔར་ལས་ཤུགས་དྲག་གིས་སྒྲིག་སྲོལ་ཅན་གྱི་སྣེ་ཤན་བྱ་བར་རྒྱས་བཤད་བྱས། དེ་མིན་སྣེ་ཤན་ལས་ཞུགས་ཀྱི་ཆུ་ཚད་དང་ཀུན་སྤྱོད་ཀྱི་ཚད་གཞི། ལས་རིགས་བྱང་ཚད་སོགས་ཀྱི་ཐད་ལ་བླང་བྱ་མཐོན་པོ་བཏོན་ནས། སྣེ་ཤན་པ་དག་གིས་དུས་རབས་ཀྱི་སྐད་ཤུགས་ལ་བརྟེན་ནས་དོན་དངོས་བྱ་འགུལ་ཁྲོད་ཞུགས་ཏེ་ཤེས་རིག་ཡུལ་སྐོར་ཐད་ལ་སྟོབས་ཤུགས་འདོན་སྤེལ་དང་ཕུལ་དུ་བྱུང་བའི་གྲུབ་འབྲས་དེས་ཏང་བཙུགས་ནས་ལོ་འཁོར100ལོན་པར་དགའ་བསུ་བྱེད་དགོས།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།