དཔྱ་ཁྲལ་ཉུང་འཕྲིའི་རོགས་འདེགས་ཁྲོད་མདོ་ལ་འཕེལ་རྒྱས་ཀྱི་ལམ་གསར་དུ་ཞུགས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཁྲལ་དོན་ཅུའུ་ཡིས་མངའ་ཁོངས་ཀྱི་སྐྱེ་ཁམས་མཐུད་སྦྲེལ་ཁེ་ལས་ལ་འབྲེལ་འདྲིས་བྱེད་པར་ཤུགས་སྣོན་དང་། ཁྲལ་བསྡུའི་དམིགས་གསལ་སྲིད་ཇུས་དང་ཁྲལ་བསྡུའི་ཞབས་ཞུའི་བྱེད་ཐབས་སྤྱད་ནས། སྐྱེ་ཁམས་རང་བཞིན་གྱི་ཁེ་ལས་འཕེལ་རྒྱས་ལ་ཤུགས་ཆེན་པོས་སྒོ་ནས་རོགས་སྐྱོར་དང་། མདོ་ལ་རྫོང་སྤུས་ཚད་མཐོ་བའི་མུར་སྤེལ་འཕེལ་རྒྱས་ཀྱི་ལམ་ལ་ཞུགས་པར་རོགས་རམ་བྱས།

མཁའ་ཡི་མེ་ལོང་ལྟ་བུའི་མདོ་ལའི་མཛེས་ལྗོངས། མདོ་ལ་རྫོང་ལ་མུའུ་ཁྲི1679.29ལྷག་གི་ཕུལ་བྱུང་ཕྱུགས་ར་ཡོད་པས། མཐོ་སྒང་གི་དེང་རབས་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བའི་རྟེན་གཞི་གལ་ཆེན་ཞིག་ཡིན། ཁོད་ཡངས་པའི་ཕྱུགས་ར་ལ་ལོ་འགའི་ཡར་སྔོན་དུ་ཕྱུགས་སྐྱོང་ཚད་ལས་བརྒལ་བ་དང་རྩྭ་ས་ཞན་འགྱུར་གྱི་དཀའ་ཁག་བྱུང་བ་རེད། ད་ལྟ་ས་གནས་འབྲོག་པ་མང་ཚོགས་ཀྱིས་ཕྱུགས་ཟོག་ཐར་ཐོར་འཚོ་སྐྱོང་བྱེད་རྒྱུ་བསྐྱུར་ནས་མཉམ་ལས་ཁང་གི་ཁྲོད་ཞུགས་པ་དང་། རང་གི་རྩྭ་ས་དང་སྒོ་ཕྱུགས་མ་རྐང་ལ་འཇོག་པ་ལག་བསྟར་སྒོས་རྩྭ་ས་རུ་རིམ་བཀར་སྒོས་ཕྱུགས་ཟོག་འཚོ་སྐྱོང་དང་། སྒོ་ཕྱུགས་ཁྱུ་བཀར་ནས་གཟན་ཆས་སྟེར་བའི་གསོ་སྤེལ་གྱི་རྣམ་པ་ལག་བསྟར་སྒོས། སྒོ་ཕྱུགས་ཉུང་འཕྲི་དང་ཕན་འབྲས་འཕར་སྣོན། སྒོ་ཕྱུགས་ཉུང་འཕྲི་དང་ཡོང་སྒོ་འཕར་སྣོན་གྱི་གྲུབ་འབྲས་ལོངས་སུ་སྤྱོད་བཞིན་ཡོད།

མདོ་ལ་རྫོང་འབྲོང་ལུང་ཡུལ་ཚོའི་མདའ་བཞི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་སྤྱིའི་ལས་གཉེར་བ་གནམ་རྒྱལ་གྱིས་བཤད་རྒྱུར། “མདའ་བཞི་སྡེ་བ་ནི་སྔོན་ཆད་སྡེ་བ་དབུལ་བོ་ཞིག་ཡིན་མོད། ད་ལྟ་དབུལ་ཐར་མངོན་འགྱུར་བྱུང་ཡོད། ཚང་མ་མཉམ་ལས་ཁང་གི་ཁྲོད་ཞུགས་རྗེས་འཚོ་བ་ཉིན་རེ་ལས་ཉིན་རེར་ཇེ་ལེགས་སུ་སོང་ཡོད། མཉམ་ལས་ཁང་གིས་དམིགས་གསལ་སྲིད་ཇུས་ལོངས་སུ་སྤྱད་དེ་དཔྱ་ཁྲལ་ཡོད་ཚད་རིན་མེད་བྱས་པས། ང་ཚོའི་ཡོང་འབབ་སྔར་ལས་ཇེ་མང་དུ་སོང་ཡོད”ཟེར། ད་ལྟ་སྐྱེ་ལྡན་ལུག་གསོ་སྤེལ་བྱེད་བཞིན་ཡོད་ལ། རྫོང་གི་ཁེ་ལས་དང་ཧྲན་ཏུང་སོགས་ས་གནས་གཞན་གྱི་ཁེ་ལས་དག་གིས་ཐད་ཀར་དུ་ཉོ་བསྡུ་བྱེད་བཞིན་ཡོད་པས། ཕྱིར་འཚོང་ཐད་ལ་སེམས་ཁྲལ་ཅི་ཡང་མེད། མཉམ་ལས་ཁང་གི་ན་གཞོན་ལག་རྩལ་པའི་ངོ་སྤྲོད་ལྟར་ན། སྒོ་ཕྱུགས་གསོ་སྤེལ་ལག་རྩལ་ནི་སྐྱེ་ཁམས་ཁོར་སྲུང་ལ་མཐུན་ཞིང་། རྩྭ་ས་ལ་གནོད་འཚེ་ཅི་ཡང་མེད། ཉིན་འགའི་ཡར་སྔོན་དུ་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་འཐུས་ཚབ་པས་ཚོགས་ཆེན་སྟེང་མདོ་ལ་རྒྱལ་ཁབ་སྤྱི་གླིང་ཁྲོད་ཀྱི་གསའ་དང་བྱེ་ཐང་གི་ཞི་ལའི་གནས་ཚུལ་འགྲེམས་སྤེལ་བྱས་པ་ནི་ང་ཚོའི་ང་རྒྱལ་དུ་ངོམས་ཆོག་ལ། འདིའི་ནང་དུ་ཚང་མའི་འབད་བརྩོན་བྱས་པའི་གྲུབ་འབྲས་ངེས་ཅན་ཞིག་ཀྱང་ཡོད།

གསར་འགོད་པས་རྒྱུས་ལོན་པ་ལྟར་ན། མཉམ་ལས་ཁང་གི་འཕེལ་རྒྱས་ལ་སྐུལ་འདེད་དང་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བཅས་ལ་སྐུལ་འདེད་གཏང་ཆེད། མཚོ་བྱང་ཁུལ་ཁྲལ་དོན་ཅུའུ་ཡིས་ཁྱོན་ཡོངས་ནས་རོང་འབྲོག་ཁེ་ལས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཤིང་། དབུལ་ཕོངས་ས་ཆའི་ལས་ཞུགས་སྐུལ་འདེད་སོགས་ཀྱི་སྲིད་ཇུས་ནང་དོན་དེ་ཁྱོན་ཡོངས་ནས་ཀུན་ལ་ཁེབས་པར་དྲིལ་སྒྲོག་དང་གནད་འཁེལ་མཛུབ་སྟོན་རྣམ་པའི་ཟུར་ཁྲིད་བྱས་ནས། མདོ་ལ་རྫོང་གིས་ལྷད་མེད་ཐཱན་ཉུང་གི་ཁོར་སྲུང་འཁོར་སྐྱོད་འཕེལ་རྒྱས་ཀྱི་དཔལ་འབྱོར་མ་ལག་གསར་སྐྲུན་སྒོས་དབུལ་ཐར་མཁྲེགས་གཏོར་དང་གྲོང་གསེབ་དར་རྒྱས་ཐད་ལ་ཁྲལ་དོན་གྱིས་བྱས་རྗེས་འཇོག་པའི་སྟོབས་ཤུགས་འདོན་སྤེལ་བྱས་ཡོད།

མདོ་ལ་རྫོང་གི་ཞིང་ཕྱུགས་བརྡ་འཕྲིན་ཚན་རྩལ་ཚད་ཡོད་ཀུང་ཟིའི་ཁྲིམས་མིའི་འཐུས་མི་ཚའོ་ཞའེ་ཆིང་གིས་བཤད་རྒྱུར། “ང་ཚོས་ནམ་རྒྱུན་ཆེས་ཐོག་མའི་དུས་ཚོད་ནང་ཁྲལ་དོན་ཅུའུ་ཡི་ཐུན་མོང་མ་ཡིན་པའི་སྲིད་ཇུས་དྲིལ་སྒྲོག་མཛུབ་སྟོན་དང་ལེན་བྱས་ཤིང་། གཅིག་ལ་གཅིག་ཁ་གཏད་ཀྱི་རྣམ་པའི་སྒོ་ནས་སྐུད་ལམ་དུ་དོགས་གཞི་ལ་ལན་བཏབ་པ་ཡིན། ད་ལོའི་སྲིད་གཞུང་བྱ་བའི་སྙན་ཞུ་ཡིས་ཁྲལ་དོན་དམིགས་གསལ་སྲིད་ཇུས་སྔར་ལས་ཆེས་ཆེར་བཏང་པ་གཏན་ཁེལ་བྱས་ཤིང་། ལོངས་སྤྱོད་དུས་ཡུན་ཇེ་རིང་དུ་བཏང་པས་ང་ཚོར་རོགས་རམ་བྱས་ཡོད”ཟེར། མཁའ་མཐའི་མདོ་ལ་ཡི་ཚོང་གྲགས་ལ་བརྟེན་ནས། ཀུང་ཟི་དག་གིས་ཕྱུགས་ལས་ཐོན་རྫས་ཉོ་བསྡུ་ཕྱིར་འཚོང་བྱས་ཤིང་། སྐྱེ་ཁམས་ཞིང་ཕྱུགས་ལས་རིགས་ཀྱི་མཛེས་རིས་དང་ཡུལ་སྐོར་རྣམ་གྲངས་གསར་སྤེལ། གློག་རྡུལ་ཚོང་དོན་བཅས་སྤེལ་ཡོད།

མདོ་ལའི་རི་འདབས་ཀྱི་རྩྭ་ས་ལེགས་པོ་སོགས་གློག་རྡུལ་ཚོང་དོན་སྤྱི་གཞུང་ཚོང་རྟགས་ཡང་བཟོས། ཞིང་ཆེན་སྲིད་འཛིན་ལྟེ་བ་ཟི་ལིང་གྲོང་ཁྱེར་གྱི་ཧའེ་ཧུའུ་ཝན་ཏ་ཐང་ཆེན་དུ་ང་ལ་མདོ་ལའི་ཡུལ་དུ་ལུག་ཡོད་ཞེས་པའི་གསོ་སྤེལ་ངོས་འཛིན་སྐུལ་འདེད་གྲོས་ཚོགས་བསྡུས་ཤིང་། ཡུལ་དངོས་ནས་ཉོ་བསྡུ་བྱས་པའི་མཉམ་ལས་ཁང་གི་སྒོ་ཕྱུགས་ཐོན་རྫས་ཕྱིར་འཚོང་བྱས་ཏེ། འགྲུལ་བ་དག་ལ་དབྱར་ཚིགས་སུ་མདོ་ལའི་རྩྭ་ཐང་གི་ཕྱུགས་སྐྱོང་འཚོ་བར་ངོས་འཛིན་དང་ཉམས་ལེན་བྱེད་དུ་བཅུག་ནས། ཐོན་རྫས་ཁྱེར་ནས་ཕྱིར་འགྲོ་བ་དང་ཡུལ་བ་ཁྲིད་ནས་ཕྱིར་ལོག་པའི་ཚོང་གཉེར་གྱི་རྣམ་པ་ཞིག་ཆགས་སུ་བཅུག་པས། ཕྱུགས་ལས་འཕེལ་རྒྱས་ཀྱི་སྒོ་གླེགས་ཕྱེས་ཤིང་ཞིང་ལས་ཐོན་རྫས་ཕྱིར་འཚོང་གིས་ཡུལ་སྐོར་ཐོན་ལས་དེ་སྔར་ལས་དར་ཞིང་རྒྱས་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།