སློབ་གསོ་དག་ཐེར་སྐུལ། དམངས་ལ་དོན་དངོས་བསྒྲུབ།

ཉེ་ལམ། རྒྱལ་ཡོངས་ཀྱི་རིམ་པ་སོ་སོར་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་བྱ་འགུལ་ཚ་ཚ་འར་འུར་གྱིས་ནན་སྤེལ་བྱེད་པའི་དུས་སྐབས་འདིར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་སྲིད་ཁྲིམས་ཁྲིམས་འཛིན་ཏང་ཀྲི་པུའུ་ཡིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པ་རྒྱུན་སྐྱོང་དང་དམངས་བློ་བསྐོང་རྒྱུ་དེ་དཔུང་སྡེའི་སློབ་གསོ་དག་ཐེར་གྱི་འགོ་རྩོམ་ས་དང་རྐང་ཚུགས་སར་བཟུང་ནས“ངས་མང་ཚོགས་ལ་དོན་དངོས་སྒྲུབ་པའི”བྱ་འགུལ་ཁྲོད་དུ། ཁྲིམས་འཛིན་དམངས་ཕན་དང་ཕན་བདེ་བྱེད་ཐབས་ལ་བརྟེན་ནས་ཁྲིམས་འཛིན་གྱོད་དོན་ལེགས་པོར་བསྡུམས་ཏེ་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ཁག་སེལ་བའི་བྱ་བ་ཧུར་ཐག་གིས་བསྒྲུབ་སྟེ་ཁོ་ཚོར་གྱོད་གཞི་རེ་རེ་ཁྲིམས་འཛིན་དྲང་གཞག་དང་བདེན་ལུགས་སྐྱོང་ཚོར་ཐུབ་པ་བྱས་ཤིང་། སློབ་གསོ་དག་ཐེར་ལས་དོན་མུ་མཐུད་གཏིང་ཟབ་སྤེལ་པ་དང་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུས་པ་རེད།


གཅིག་ནས་ཕུགས་ཕན་ལམ་སྲོལ་བཙུགས་ནས་ཕྱོགས་བསྡུས་སྟོབས་ཤུགས་ཆེ་རུ་བཏང་བ། རང་འགུལ་གྱིས་ཞང་གྲོང་དང་། ཁྲིམས་འཛིན་ཁང་། སྡེ་བ་(སྡོད་ཁུལ)བཅས་དང་གཞོགས་འདེགས་བྱ་རྒྱུར་ཤུགས་བསྣན་ཏེ་འགལ་རྩོད་ཚབས་ཆེན་རིགས་ལ་ཞིབ་བརྡར་ཚོགས་འདུ་འཚོགས་ནས་ཐབས་ལམ་ཞིབ་འཇུག་དང་། འཕེལ་རིམ་ཤེས་རྟོགས། དོགས་གནད་དང་རྙོག་འཛིང་ཆེ་བའི་འགལ་བ་དང་རྩོད་གཞིར་དོ་བདག་གི་བསམ་འཆར་དང་གྲོས་འགོ་འདོན་པ་བཅས་ཀྱིས་ཐོག་ཆེད་དོན་བཅོས་སྒྲིག་དང་། ཕྱོགས་བསྡུས་བཅོས་སྐྱོང་། ཐག་གཅོད་ནུས་ལྡན་བཅས་བྱས་ཏེ་ཐུན་མོང་གིས་འགལ་ཟླ་དང་རྩོད་གཞི་ཆེ་རུ་འགྲོ་བ་སྔོན་འགོག་མཐའ་གཅིག་ཏུ་བྱས་པ་རེད།

གཉིས་ནས་འགལ་བའི་རྒྱུ་རྐྱེན་བཙལ་ནས་དྲང་ཕྱོགས་ཁྲིད་སྟོན་གང་ལེགས་བྱས་པ། དུས་སྔོན་གྱི་འགལ་རྩོད་རྩད་ཞིབ་ཆེན་མོ་དང་འདུམ་སྒྲིག་ཆེན་པོ་བྱེད་པའི་ཆེད་དོན་བྱ་འགུལ་གྱི་རྨང་གཞིའི་ཐོག དོ་བདག་གི་སེམས་ཀྱི་རྨ་ཁ་དང་འབྱུང་སླ་བའི་རྒྱུ་རྐྱེན་ལ་སྔར་བས་ཤེས་རྟོགས་བྱས་ཏེ་གཙོ་གནད་འཚོལ་བ་དང་དཀའ་གནད་དམ་འཛིན་གྱིས་དྲང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་བསྣན་པ་དང་། དོ་བདག་ཕྱོགས་གཉིས་པོའི་བསམ་ཚུལ་དུས་ཐོག་ཏུ་ལེགས་སྒྲིག་བྱེད་རོགས་བྱས་ཏེ་འགལ་ཟླ་དང་རྩོད་གཞི་ཆུང་ས་ནས་བསལ་ཏེ་དོན་ཆུང་སྡེ་བ་ལས་མི་བརྒལ་ཞིང་དོན་ཆེན་ཞང་གྲོང་ནས་མི་བརྒལ་བ་བྱས་ཏེ་གཞི་རིམ་ནས་འདུམ་སྒྲིག་དང་འབྱུང་རྩ་ཐག་གཅོད་པའི་ཕན་འབྲས་ཁག་ཐེག་བྱས་པ་རེད།

གསུམ་ནས་ཁྱབ་ཁོངས་གཙོ་བོ་བཟུང་སྟེ་འགལ་རྩོད་རྨང་ནས་སེལ་བ། རྫོང་ཁྲིམས་འཛིན་ཅུའུ་ཡི་མི་དམངས་འདུམ་སྒྲིག་མི་སྣས་བྱ་བར་ལས་སྣོན་བྱས་ཏེ་ལོ་མང་རིང་བསྡུམ་མ་ཐུབ་པའི་དམངས་ཁྲོད་ཀྱི་བུ་ལོན་གཏོང་ལེན་རྩོད་གཞི་སོགས་དཀའ་གནད་ཀྱི་གྱོད་གཞི་འདུམ་འགྲིག་ཐག་གཅོད་བྱེད་པའི་བརྒྱུད་རིམ་ཁྲོད་དོ་བདག་གི་བསམ་བློར་བརྩི་འཇོག་བྱས་ཐོག་དྲང་ཕྱོགས་གནས་ལུགས་གསལ་བོར་བརྗོད་པ་དང་བསམ་ཕྱོགས་མི་ལེགས་པའི་ཆའམ་ཕ་རོལ་བོར་གནོད་པའི་ངན་སེམས་མེད་པར་བཟོས་པ་མ་ཟད། འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྲིད་ཇུས་བཅས་དྲིལ་བསྒྲགས་ཡང་དག་བྱས་པ་དང་། དོ་བདག་གི་བསམ་བློའི་འདུ་ཤེས་སྒྱུར་བར་རོགས་རམ་བྱས་ཏེ་དྲང་ནུས་འདོན་པར་སྣེ་སྟོན་གང་ལེགས་བྱས་པ་རེད།

སྔ་རྗེས་སུ་ཉིན13རིང་ལ་དག་ཐེར་སློབ་གསོའི་བྱ་འགུལ་དང་འབྲེལ་ནས་བསྡོམས་པའི་དཀའ་རྙོག་ཆེ་བའི་འགལ་བ་དང་རྩོད་གཞི་རིགས9བདག་སྤྲོད་བྱས་པ་སྟེ། ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་རྩོད་གཞི6དང་། གཉེན་སྒྲིག་རྩོད་གཞི2། དམངས་ཁྲོད་དངུལ་བུན་གྱི་རྩོད་གཞི1བཅས་ཐག་གཅོད་བྱས་ཤིང་། ལེགས་འགྲུབ་བྱས་ཚད100%ཟིན་པ་རེད། གྱོད་འབྲེལ་དཔལ་འབྱོར་གྱོང་གུན་སྒོར་ཁྲི27ལྷག་ཙམ་སྐྱོབ་རོགས་བྱས་པ་དང་ཕྱོགས་གཉིས་པོའི་དོ་བདག་གིས་ཀྱང་གྱོད་གཞིའི་འདུམ་སྒྲིག་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་བྱས་ཏེ་ཕན་ཚུན་ལ་ཁ་བཏགས་བྱིན་པ་དང་། བསམ་པ་རྣམ་དག་གིས་འདུམ་སྒྲིག་མི་སྣར་ལྷག་བསམ་མཚོན་བྱེད་དུ་དར་ཆ2ཀྱང་ཕུལ་བ་བཅས་བྱས་ཏེ་མི་དམངས་མང་ཚོགས་ལ་སློབ་གསོ་དག་ཐེར་སྐོར་ནས་བླངས་པའི་ཕན་འབྲས་ཚོར་དུ་བཅུག་ཡོད།


གསར་འགོད་པ། ཚེ་རིང་འབུམ།