མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་སྲོག་ཆགས་དང་སྲོག་ཆགས་ལས་བྱུང་བའི་ཐོན་རྫས་ངེས་གཏན་གཞུང་ལམ་ནས་སྐྱེལ་འདྲེན་བྱེད་པའི་སྐོར་གྱི་བརྡ་ཁྱབ།

གྲོང་ཁྱེར་དང་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་། ཞིང་ཆེན་སྲིད་གཞུང་གི་ཨུ་ཡོན་ལྷན་ཁང་དང་གཞུང་སྒྲུབ་ཁང་། ཐིན་དང་ཅུའུ་སོ་སོར་ཞུ་དོན།

ཞིང་ཆེན་ཕྱིའི་སྲོག་ཆགས་དང་སྲོག་ཆགས་ལས་བྱུང་བའི་ཐོན་རྫས་རིམ་འགོག་བདེ་འཇགས་དོ་དམ་ལ་སྔར་ལས་ཤུགས་སྣོན་དང་། སྐྱེལ་འདྲེན་གོ་རིམ་ཁྲོད་སྲོག་ཆགས་ཀྱི་རིམས་ནད་འགོ་བའི་ཉེན་ཁ་ནུས་ལྡན་སྒོས་སྔོན་འགོག་བྱེད་པ། སྲོག་ཆགས་དང་སྲོག་ཆགས་ལས་བྱུང་བའི་ཐོན་རྫས་ཀྱི་རིམ་ལྡན་བདེ་འཇགས་སྐྱེལ་འདྲེན་གྱི་སྒྲིག་རིམ་ལ་སྲུང་སྐྱོབ་བྱ་ཆེད།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲོག་ཆགས་ཀྱི་རིམས་འགོག་བཅའ་ཁྲིམས》དང《མཚོ་སྔོན་ཞིང་ཆེན་གྱི་སྲོག་ཆགས་རིམས་འགོག་སྲོལ་ཡིག》གི་གཏན་འབེབས་ལྟར། རང་ཞིང་གི་ངེས་གཏན་གཞུང་ལམ་ནས་སྲོག་ཆགས་དང་སྲོག་ཆགས་ལས་བྱུང་བའི་ཐོན་རྫས་སྐྱེལ་འདྲེན་བྱེད་པའི་སྐོར་གྱི་འབྲེལ་ཡོད་བཀོད་ཁྱབ་གཤམ་གསར་ལྟར།

གཅིག སྲོག་ཆགས་དང་སྲོག་ཆགས་ལས་བྱུང་བའི་ཐོན་རྫས་སྐྱེལ་འདྲེན་བྱས་ཆོག་པའི་ཞིང་ཆེན་ནང་ཁུལ་གྱི་གཞུང་ལམ17ནི་གཤམ་གསལ་ལྟར། ལན་ཀྲོའུ་དང་ཟི་ལིང་གི་མྱུར་བགྲོད་གཞུང་ལམ་གྱི་གཞུང་ཐང་རྫོང་གི་མ་ཁྲང་ཡོན། 109རྒྱལ་ལམ་གཞུང་ཐང་རྫོང་གི་ཤང་ཐང་དང་། ཁྲོན་ཏ་དང་ཁྲོན་ཀོན་གཞུང་ལམ་འབྲེལ་མཚམས་ཀྱི་གཞུང་ཐང་ཀོན་ཐིང་ཀྲེ་ཙུ་སྡེ་བ། གཞུང་ཐང་དང་རྒྱ་མདོའི་གཞུང་ལམ་གྱི་ཧོར་གྲོང་རྫོང་ཅཱ་ཏེན། ལེན་ཕིང་གཞུང་ལམ་གྱི་ཡ་རྫི་རྫོང་། ཉིང་ཀྲང་གཞུང་ལམ་གྱི་མདོ་ལ་རྫོང་གི་མཁར་དམར་དང་། མདོ་ལ་རྫོང་གི་གཞུང་ལམ་ཨང་རྟགས9པའི་འབྲོང་ལུང་། 109རྒྱལ་ལམ་ན་གོར་མོ་གྲོང་ཁྱེར་གྱི་ལྷོ་རི་དང་། མཚོ་ནུབ་མང་ཨེ་གཞུང་ལམ་གྱི་སྤྱི་ལེ116མཚམས་ཀྱི་འཁྱགས་མཚེའུ། ཏུན་ཧོང་དང་ན་གོར་མོ་གཞུང་ལམ་གྱི་ཡུས་ཁ། མཚོ་ནུབ་དང་ན་གོར་མོ་གཞུང་ལམ་གྱི་མང་ཨེ། རྨ་ལྷོ་དང་བླ་བྲང་གཞུང་ལམ་གྱི་རོང་བོ་གྲོང་ཁྱེར་གྱི་མགར་རྩེ། རྨ་ལྷོ་སོག་རྫོང་གི་གསེར་ལུང་དང་གཅིག་སྒྲིལ་རྫོང་། པད་མའི་གཞུང་ལམ་སྤྱི་ལེ་60མཚམས་ཀྱི་པད་མ་རྫོང་གི་སྡོམ་མདའ། 214རྒྱལ་ལམ་གྱི་ཁྲི་འདུ་རྫོང་དང214རྒྱལ་ལམ་གྱི་ནང་ཆེན་རྫོང་གི་ཝ་རྣ་བཅས་རེད།

གཏན་འཁེལ་བྱས་ཟིན་པའི་གཞུང་ལམ་གྱི་ས་ཚིགས་ལ་གལ་སྲིད་ལེགས་སྒྲིག་བྱ་དགོས་ཚེ། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱིས་ཞིང་ཆེན་མི་དམངས་སྲིད་གཞུང་ལ་ཡར་ཞུ་བྱས་ཏེ་ཆོག་མཆན་ཐོབ་རྗེས། སྤྱི་ཚོགས་ལ་ཁྱབ་སྒྲོག་བྱ་དགོས། རྫོང་རིམ་པའི་ཞིང་ལས་ཞིང་སྡེ་པུའུ་སོ་སོས་སྲོག་ཆགས་ཀྱི་རིམས་འགོག་འཕྲལ་བསྟུན་དགོས་མཁོར་གཞིགས་ནས། འགྲིམ་འགྲུལ་སྐྱེལ་འདྲེན་དང་སྤྱི་བདེ་སྡེ་ཁག་མཉམ་གྲོས་བྱས་ཏེ། རྫོང་རིམ་པའི་མི་དམངས་སྲིད་གཞུང་ལ་ཡར་ཞུ་བྱས་ནས་ཆོག་མཆན་ཐོབ་རྗེས་གཞུང་ལམ་སྟེང་གནས་སྐབས་རང་བཞིན་གྱི་ཞིབ་བཤེར་ས་ཚུགས་འཛུགས་དགོས།

གཉིས། སྲོག་ཆགས་དང་སྲོག་ཆགས་ལས་བྱུང་བའི་ཐོན་རྫས་རང་ཞིང་ལ་སྐྱེལ་འདྲེན་བྱ་དགོས་ཚེ། ཚོང་བདག་དང་འགན་ལེན་སྐྱེལ་འདྲེན་པས་ངེས་པར་དུ་རྒྱལ་ཁབ་དང་མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་གཏན་འབེབས་ལྟར། སྲོག་ཆགས་ཀྱི་རིམས་ནད་བརྟག་དཔྱད་ཀྱི་ཚད་མཐུན་བདེན་དཔང་དང་མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེའི་སྡེ་ཁག་གིས་བཏོན་པའི་ཡིག་ཚགས་ཐོ་འགོད་རེའུ་མིག་དང་རིམས་ཞིབ་ཆོག་མཐུས་རེའུ་མིག་ལག་ཏུ་འཛིན་དགོས། གཏན་འཁེལ་གྱི་གཞུང་ལམ་སྟེང་སྐྱེལ་འདྲེན་བྱས་ཏེ། རང་འགུལ་སྒོས་གཞུང་ལམ་སྟེང་གི་སྲོག་ཆགས་རིམས་འགོག་ལྟ་སྐུལ་ཞིབ་བཤེར་ས་ཚིགས་ནས་ཞིབ་བཤེར་ཡར་ཞུ་བྱས་ནས། ལྟ་སྐུལ་ཞིབ་བཤེར་དང་དུག་སེལ་བྱེད་པར་དང་ལེན་བྱ་དགོས་ཤིང་། གཏན་འཁེལ་གཞུང་ལམ་གྱི་ཞིབ་བཤེར་ཚད་ལོན་ཡི་གེ་སྟེང་མིང་རྟགས་བཀོད་ནས་ཐམ་ག་བརྒྱབ་རྗེས་ཞིང་ཆེན་ནང་ཁུལ་དུ་སྐྱེལ་འདྲེན་བྱ་དགོས།

གསུམ། རང་ཞིང་བརྒྱུད་ནས་སྲོག་ཆགས་དང་སྲོག་ཆགས་ལས་བྱུང་བའི་ཐོན་རྫས་སྐྱེལ་འདྲེན་མཁན་གྱི་ཚོང་བདག་དང་འགན་ལེན་སྐྱེལ་འདྲེན་པས། སྲོག་ཆགས་ཀྱི་རིམས་ནད་བརྟག་དཔྱད་ཀྱི་ཚད་ལོན་བདེན་དཔང་ཡི་གེ་བཟུང་སྟེ། གཏན་འཁེལ་བྱས་པའི་གཞུང་ལམ་ས་ཚིགས་བརྒྱུད་ནས་འགྲོ་དགོས་པར་མ་ཟད། གཞུང་ལམ་སྟེང་གི་སྲོག་ཆགས་རིམས་འགོག་ལྟ་སྐུལ་ཞིབ་བཤེར་ས་ཚིགས་ནས་ཞིབ་བཤེར་ཡར་ཞུ་བྱས་ནས། གཏན་འབེབས་དུས་ཚོད་དང་སྐྱེལ་འདྲེན་ལམ་ཐིག་ལྟར་ཞིང་ཆེན་བརྒལ་དགོས།

བཞི། སྲོག་ཆགས་ཀྱི་རིམས་ནད་བརྟག་དཔྱད་ཀྱི་ཚད་ལོན་བདེན་དཔང་ཡི་གེ་མེད་པ་དང་ཡིག་ཚགས་ཐོ་འགོད་རེའུ་མིག་གམ་རིམས་ཞིབ་ཆོག་མཐུས་རེའུ་མིག་མེད་ཚེ།ས་གནས་དེ་གའི་ཞིང་ལས་ཞིང་སྡེའི་ཕྱོགས་བསྡུས་ཁྲིམས་སྐྱོང་ལས་ཁུངས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲོག་ཆགས་ཀྱི་རིམས་འགོག་བཅའ་ཁྲིམས》དང《མཚོ་སྔོན་ཞིང་ཆེན་གྱི་སྲོག་ཆགས་རིམས་འགོག་སྲོལ་ཡིག》གི་གཏན་འབེབས་ལྟར་ཐག་གཅོད་བྱ་རྒྱུ་ཡིན་པ་དང་། སྤྱི་བདེ་དང་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གིས་རམ་འདེགས་བྱ་དགོས།

ལྔ། གཏན་འཁེལ་བྱས་པའི་གཞུང་ལམ་གྱི་ལམ་ཐིག་ལྟར་སྐྱེལ་འདྲེན་མ་བྱས་ཚེ། རྫོང་རིམ་པའི་ཞིང་ལས་ཞིང་སྡེའི་ཕྱོགས་བསྡུས་ཁྲིམས་སྐྱོང་ལས་ཁུངས་ཀྱིས《མཚོ་སྔོན་ཞིང་ཆེན་གྱི་སྲོག་ཆགས་རིམས་འགོག་སྲོལ་ཡིག》གི་འབྲེལ་ཡོད་གཏན་འབེབས་ལྟར་ཐག་གཅོད་བྱ་དགོས། ལས་ཁུངས་དང་མི་སྒེར་གང་རུང་ནས་གཏན་འཁེལ་བྱས་པའི་གཞུང་ལམ་གྱི་ལམ་ཐིག་ལྟར་སྐྱེལ་འདྲེན་བྱས་མེད་པའི་སྲོག་ཆགས་དང་སྲོག་ཆགས་ལས་བྱུང་བའི་ཐོན་རྫས་དང་ལེན་བྱ་མི་ཆོག་ཅིང་། ཁྲིམས་འགལ་སྒོས་དང་ལེན་བྱས་ཚེ། ས་གནས་དེ་གའི་ཞིང་ལས་ཞིང་སྡེའི་ཕྱོགས་བསྡུས་ཁྲིམས་སྐྱོང་ལས་ཁུངས་དང་ཁྲོམ་ར་ལྟ་སྐུལ་དོ་དམ་ཁྲིམས་སྐྱོང་ལས་ཁུངས་ཀྱིས་འགན་འཁྲིའི་ལས་བགོས་ལྟར་ཁྲིམས་ལྟར་ཐག་གཅོད་རྒྱུ། ཉེས་གསོག་ཁྲིམས་འགལ་དང་འབྲེལ་བ་ཡོད་པ་སྤྱི་བདེ་ལས་ཁུངས་ལ་སྤྲད་ནས་ཞིབ་བཤེར་ཐག་གཅོད་བྱ་རྒྱུ།

དྲུག ཐེངས་འདིའི་བརྡ་ཁྱབ་སྤེལ་ཉིན་ནས་ལག་བསྟར་བྱ་རྒྱུ།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།

2021ལོའི་ཟླ3པའི་ཚེས19ཉིན།

ལོ་ཙཱ་པ། ལྷ་ཆེན་རྒྱལ།