2021ལོའི“གྲོང་གསེབ་སློབ་གསོའི་འཇོན་མིའི་འཆར་གཞིའི”སྙན་ཞུའི་འགོ་བརྩམས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཁ་སང་། གསར་འགོད་པས་མ་ཡོན་ཐེབས་རྩ་ལྷན་ཚོགས་ལས་རྒྱུས་ལོན་པ་ལྟར་ན། 2021ལོའི“གྲོང་གསེབ་སློབ་གསོའི་འཇོན་མིའི་འཆར་གཞིའི་སྙན་ཞུའི་འགོ་བརྩམས་འདུག རེ་འདུན་སྙན་ཞུའི་དུས་ཚོད་ནི་ཟླ3པའི་ཚེས30ཉིན་ནས་ཟླ5པའི་ཚེས30ཉིན་བར་ཡིན་ཞིང་། རྣམ་གྲངས་དེས་གྲོང་གསེབ་སློབ་གཙོའི་འཆར་གཞི་དང་གྲོང་གསེབ་དགེ་རྒན་གྱི་འཆར་གཞི། གྲོང་གསེབ་དགེ་ཐོན་སློབ་མའི་འཆར་གཞི་ནང་དུ་འདུ་པའི་གྲོང་གསེབ་སློབ་གསོའི་འཇོན་མིའི་འཆར་གཞིའི་སྤྱི་ཕན་རྣམ་གྲངས་སྤེལ་ཡོད་ལ། རྣམ་གྲངས་དེ་རྒྱལ་ཡོངས་ཀྱི་གྲོང་གསེབ་དགེ་རྒན་དང་སློབ་གཙོ། མི་ཚེ་སློབ་གསོ་ལ་བསྟིམས་པའི་གྲོང་གསེབ་སློབ་གསོའི་དགེ་ཐོན་མཐར་ཕྱིན་སློབ་མ་སོགས་འདུ།

རེ་འདུན་སྙན་ཞུའི་དཔྱད་གཞི་དག་གཅིག་གྱུར་སྒོས་མ་ཡོན་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་ཀྱི་གཞུང་ཕྱོགས་དྲ་བར་རྩིས་སྤྲོད་བྱ་དགོས་ཤིང་། རྣམ་གྲངས་སྤེལ་བ་སོགས་འབྲེལ་ཡོད་བརྡ་འཕྲིན་དག་གཅིག་གྱུར་སྒོས་གཞུང་ཕྱོགས་དྲ་བའི་སྟེང་ཁྱབ་སྒྲོག་བྱ་ངེས། དེ་དང་ཆབས་ཅིག 2020ལོའི་གྲོང་གསེབ་སློབ་གཙོའི་འཆར་གཞི་ལྟར་བདམས་ཐོན་བྱུང་བའི་སློབ་གཙོ20ཡི་མིང་ཐོ་གཞུང་ཕྱོགས་དྲ་བ་བརྒྱུད་ཁྱབ་སྒྲོག་བྱ་རྒྱུ་རེད། རྒྱུས་ལོན་པ་ལྟར་ན། རེ་འདུན་སྙན་ཞུའི་དགེ་རྒན་དང་སློབ་གཙོ་དག་ལ་ངེས་པར་དུ་གཤམ་གྱི་ཆ་རྐྱེན་དག་འཛོམས་དགོས། ཟླ3པའི་ཚེས30ཉིན་གྱི་ཡར་སྔོན་དུ་ཡུལ་ཚོའི་གྲོང་རྡལ་དང་དེའི་མན་གྱི་འོས་འགན་སློབ་གསོའི་དུས་རིམ་དུ་ཡོད་པའི་སློབ་གྲྭ་རུ་མུ་མཐུད་དུ་དགེ་རྒན་གྱི་འགན་བཞེས་ཡོད་པའམ་ཡང་ན་སློབ་གཙོའི་ལས་འགན་ཁུར་ནས་ལོ3གྱི་ཡན་ལོངས་ཡོད་པ། གྲོང་གསེབ་དགེ་ཐོན་སློབ་མའི་འཆར་གཞིའི་རེ་འདུན་ཞུ་མཁན་ནི་ངེས་པར་དུ2021ལོར་སློབ་མཐར་ཕྱིན་པའི་དགེ་ཐོན་སློབ་མ་ཡིན་དགོས། དེར་མ་ཟད་ཟླ9པའི་ཚེས15ཉིན་གྱི་ཡར་སྔོན་དུ་ཡུལ་ཚོ་དང་གྲོང་རྡལ་མན་གྱི་འོས་འགན་སློབ་གསོའི་དུས་རིམ་ནང་གི་གྲོང་གསེབ་དུ་ཡོད་པའི་ལས་རྐང་ཅན་གྱི་དགེ་རྒན་ཡིན་དགོས། དེ་མིན་རེ་འདུན་སྙན་ཞུ་འབུལ་མཁན་ཡོད་ཚད་ལ་ཁྲིམས་འགལ་སྒྲིག་འགལ་གྱི་ཟིན་ཐོ་ཅི་ཡང་ཡོད་མི་ཆོག

གསལ་འདེབས་བྱ་རྒྱུ་ཞིག་ལ། རེ་འདུན་སྙན་ཞུའི་མཇུག་བསྡུ་པའི་དུས་ཡུན་ནི་ཟླ5པའི་ཚེས30ཉིན་གྱི་དུས་ཚོད24བར་ཡིན་ལ། རེ་འདུན་སྙན་ཞུ་ཕུལ་བའི་དགེ་རྒན་དག་གིས་རྣམ་གྲངས་རེ་འདུན་སྙན་ཞུ་འབུལ་སའི་དྲ་ཚིགས་དེ་ཐོ་འགོད་བྱ་དགོས་ཤིང་། རེ་འདུན་སྙན་ཞུའི་དཔྱད་གཞིའི་ཡིག་ཆ་མཐའ་དག་ཁ་སྐོང་ཡོངས་འགྲུབ་བྱ་དགོས། གོང་གསལ་རྣམ་གྲངས་མི་འདྲ་བ3བདམས་ཐོན་བྱུང་བ་ན། བདམས་ཐོན་བྱུང་བའི་སློབ་གཙོ་རེར་ཁྱོན་བསྡོམས་སྒོར་ཁྲི50ཡི་རྒྱབ་སྐྱོར་དང་། བྱ་དགའ་ཐོབ་པའི་དགེ་རྒན་དང་དགེ་ཐོན་སློབ་མ་རེར་ཁྱོན་བསྡོམས་པས་སྒོར་ཁྲི10ཡི་རྒྱབ་སྐྱོར་འཐོབ་སྲིད། དེ་མིན། རེ་འདུན་སྙན་ཞུ་མཁན་གྱིས་མ་འོངས་བར་གཞི་རིམ་གྱི་སློབ་གསོ་ལ་ཞབས་ཞུ་བྱེད་རྒྱུ་ཁས་ལེན་དགོས་པ་དང་ཆབས་ཅིག གལ་ཏེ་གཞི་རིམ་དགེ་རྒན་དང་སློབ་གཙོར་བདམས་ཐོན་བྱུང་རྗེས། གཞི་རིམ་སློབ་གྲྭ་རུ་རིམ་པ་དང་པོའི་དགེ་རྒན་དང་སློབ་གཙོའི་ལས་རྐང་དུ་ཉུང་མཐར་ཡང་ལོ3ལོངས་དགོས། བདམས་ཐོན་བྱུང་བའི་དགེ་ཐོན་སློབ་མ་དག་གིས་མ་འོངས་བའི་ལོ5ཡི་ནང་གྲོང་གསེབ་སློབ་གསོར་ཞབས་ཞུ་བསྒྲུབ་རྒྱུ་དེ་ཁས་ལེན་དགོས། བདམས་ཐོན་བྱུང་མཁན་མཚམས་ནས་ཕྱིར་འབུད་བྱས་པ་ན་རྣམ་གྲངས་མཚམས་འཇོག་རྒྱུར་རྒྱབ་སྐྱོར་བྱ་ངེས།

གྲོང་གསེབ་སློབ་གསོའི་འཇོན་མིའི་འཆར་གཞི་ལ་རེ་འདུན་སྙན་ཞུ་ཕུལ་མཁན་གྱིས་ངེས་པར་དུ་ཤེས་རྒྱུ་ཞིག་ལ་དུས་མཉམ་དུ་ཁྱབ་བསྒྲགས་བྱས་ཡོད། དེ་མིན་ད་དུང2020ལོའི་གཞི་རིམ་སློབ་གཙོའི་འཆར་གཞི་ལ་བདམས་ཐོན་བྱུང་བའི་གྲོང་གསེབ་སློབ་གཙོའི་མིང་ཐོའང་ཡོད། ཁོ་ཚོས་ན་ནིང་གི་ཟླ3པ་ནས་རེ་འདུན་སྙན་ཞུ་ཕུལ་བ་ནས་ད་ལྟའི་བར་གྱི་ཉེ་བའི་ལོ་ངོ་གཅིག་གི་དུས་ཚོད་ནང་དཔྱད་གཞི་ཡར་སྤྲོད་པ་དང་ཁ་པར་བརྒྱུད་དེ་ཡིག་རྒྱུགས་ལེན་པ། བརྙན་ལམ་བརྒྱུད་དེ་ཁ་རྒྱུགས་ལེན་པ། ཡུལ་དངོས་ནས་དཔྱད་འཇོག་བྱེད་པ་སོགས་ཀྱི་གོ་རིམ་བརྒྱུད་དེ། སྔ་གཞུག་ཏུ་དང་བླངས་མཁན37ལ་ཡུལ་དངོས་རྟོག་ཞིབ་རྩད་གཅོད་དང་དཔྱད་བརྗོད་པ92གྱིས་རང་རང་ས་རུ་སྐར་མ་བརྒྱབ་ནས། མཇུག་མཐར་སློབ་གཙོ20བདམས་ཐོན་བྱུང་ལ། དེའི་ཁྲོད་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་མཛོ་རྒན་ར་བར་གྲོང་རྡལ་བོད་ཡིག་དཀྱིལ་སྙིང་བཅའ་སྡོད་ལམ་ལུགས་སློབ་ཆུང་གི་སློབ་གཙོ་བསྟན་པ་རྒྱལ་མཚན་བདམས་ཐོན་བྱུང་ཡོད།

མ་ཡོན་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་ནི2014ལོར་གསར་དུ་བཙུགས་པ་ནས་བཟུང་། གྲོང་གསེབ་སློབ་གསོ་གཞིར་བཟུང་སྟེ་མུ་མཐུད་དུ་གྲོང་གསེབ་དགེ་རྒན་གྱི་འཆར་གཞི་དང་གྲོང་གསེབ་སློབ་གཙོའི་འཆར་གཞི། གྲོང་གསེབ་དགེ་ཐོན་སློབ་མ་དང་གྲོང་གསེབ་བཅའ་སྡོད་ལམ་ལུགས་ཀྱི་སློབ་གྲྭའི་འཆར་གཞི་སོགས་སྤྱི་ཕན་རྣམ་གྲངས་སྤེལ་བ་རེད། ལོ་ངོ6གི་རིང་ལ། གྲོང་གསེབ་དགེ་རྒན་གྱི་འཆར་གཞི་དང་གྲོང་གསེབ་སློབ་གཙོའི་འཆར་གཞི། གྲོང་གསེབ་དགེ་ཐོན་སློབ་མའི་འཆར་གཞི་སོགས་ཀྱང་རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོར་དཔྱད་འདེམས་བརྒྱུད་གྲོང་གསེབ་དགེ་རྒན600དང་གྲོང་གསེབ་སློབ་གཙོ80 མི་ཚེ་གྲོང་གསེབ་སློབ་གསོ་ལ་སྟིམ་མཁན་དགེ་ཐོན་མཐར་ཕྱིན་སློབ་མ200བདམས་ཐོན་བྱུང་ལ། ཁོ་ཚོར་མ་དངུལ་གྱི་རོགས་སྒྲུབ་མཁོ་འདོན་དང་ཆེད་ལས་རྩལ་ནུས་རིམ་འཕར་མཐོར་འདེགས་སུ་བཏང་ནས། གྲོང་གསེབ་དགེ་སློབ་དག་ལ་འཚོ་བ་སྔར་ལས་ལེགས་པོ་ཞིག་གསར་སྐྲུན་བྱས་ནས། སློབ་སྦྱོང་དང་སྤྱི་གཞུང་བྱེད་སྒོའི་བར་སྟོང་ཤིག་བསྐྲུན་ཏེ། གྲོང་གསེབ་བྱིས་པ་དག་གིས་སྔར་ལས་སྣ་མང་འཐུས་ཚང་ཅན་གྱི་སློབ་གསོའི་ཐོན་ཁུངས་ཤིག་ལོངས་སུ་སྤྱོད་རྒྱུར་རོགས་རམ་སྒོས་གྲོང་གསེབ་བྱིས་པ་དག་བདེ་ཐང་ངང་འཚར་ལོངས་བྱུང་བར་ཡང་རོགས་འདེགས་བྱས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།