མཚོ་སྲིད་གཞུང་ལས་ཐིན〔2021〕ཨང19བ།

— མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་རོགས་སྐྱོར་ལ་ཞིང་ཆེན་རིམ་པའི་གཅིག་གྱུར་བཀོད་འདོམས་བྱེད་པའི་ལག་བསྟར་ཇུས་གཞི་དཔར་འགྲེམས་བྱས་པའི་སྐོར་གྱི་བརྡ་སྦྱོར།

མཚོ་སྲིད་གཞུང་ལས་ཐིན〔2021〕ཨང19བ།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་རོགས་སྐྱོར་ལ་ཞིང་ཆེན་རིམ་པའི་གཅིག་གྱུར་བཀོད་འདོམས་བྱེད་པའི་ལག་བསྟར་ཇུས་གཞི་དཔར་འགྲེམས་བྱས་པའི་སྐོར་གྱི་བརྡ་སྦྱོར།

གྲོང་ཁྱེར་དང་རང་སྐྱོང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་། ཞིང་ཆེན་སྲིད་གཞུང་གི་ཨུ་ཡོན་ལྷན་ཁང་དང་། གཞུང་ལས་ཁང་། ཐིན། ཅུས་སོ་སོ་བཅས་ལ།

《མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་རོགས་སྐྱོར་ལ་ཞིང་ཆེན་རིམ་པའི་གཅིག་གྱུར་བཀོད་འདོམས་བྱེད་པའི་ལག་བསྟར་ཇུས་གཞི》ལ་ཞིང་ཆེན་སྲིད་གཞུང་ཡིད་འཐད་བྱུང་ཞིང་། ད་ལྟ་ཁྱོད་ཚོར་དཔར་འགྲེམས་བྱས་པ་བཞིན་བྱ་བའི་དངོས་ཡོད་དང་སྦྲེལ་ནས་ནན་ཏན་སྒོས་དོན་འཁྱོལ་མཐར་ཕྱིན་བགྱི་དགོས།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།

2021ལོའི་ཟླ3པའི་ཚེས5ཉིན།

མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་རོགས་སྐྱོར་ལ་ཞིང་ཆེན་རིམ་པའི་གཅིག་གྱུར་བཀོད་འདོམས་བྱེད་པའི་ལག་བསྟར་འཆར་གཞི།

《ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི<སྨན་བཅོས་འགན་སྲུང་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་བྱེད་པའི་སྐོར་གྱི་བསམ་འཆར>》གྱི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་བྱེད་པ་དང་། སྨན་བཅོས་རོགས་སྐྱོར་དང་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་སྔར་བས་ནུས་ལྡན་ངང་འབྲེལ་མཐུད་ཡོང་བར་ཤུགས་བསྣན་ནས། སྨན་བཅོས་རོགས་སྐྱོར་གྱི་མཐའ་སྐྱོར་འགན་སྲུང་གྱི་བྱེད་ནུས་ཇེ་དྲག་ཏུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ཁག་མང་ཚོགས་ཀྱི་སྨན་བཅོས་རིན་པའི་ཁུར་བོ་དངོས་གནས་ཇེ་ཡང་དུ་བཏང་ནས། “ནད་ཀྱིས་དབུལ་ཕོངས་སུ་འགྱུར་བ་དང་ནད་ལས་ཕྱིར་དབུལ་ཕོངས་སུ་ལྡོག་པའི”གནད་དོན་འབྱུང་བ་ནུས་ལྡན་ངང་འགོག་བཅོས་བྱས་ཤིང་། སྨན་བཅོས་རོགས་སྐྱོར་ཐེབས་རྩའི་དོ་དམ་ཚད་ལྡན་དང་ཐེབས་རྩ་བཀོལ་སྤྱོད་བྱེད་ཕྱོད་ཇེ་མཐོར་གཏོང་ཆེད། ཞིང་ཆེན་གྱི་དངོས་ཡོད་གནས་བབ་དང་ཟུང་འབྲེལ་བྱས་ནས། ལག་བསྟར་འཆར་གཞི་འདི་གཏན་འབེབས་བྱས་པ་ཡིན།

གཅིག སྤྱིའི་བླང་བྱ།

(གཅིག)མཛུབ་སྟོན་བསམ་བློ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ནས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་བ། ལྔ་བ་བཅས་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་རིམ་བསྟར་གྱི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་མཐར་ཕྱིན་བྱས་ཤིང་། མི་དམངས་ཀྱི་བདེ་ཐང་ལྟེ་བ་ཡིན་པ་རྒྱུན་འཁྱོངས་སྒོས་གང་ཐུབ་ཅི་ཐུབ་དང་ནུས་པས་ལྕོགས་ཚོད་ཀྱིས་སྤྱི་ཡོངས་ཀྱི་ཇུས་འགོད་དང་གཅིག་གྱུར་འཆར་འགོད་རྒྱུན་འཁྱོངས་བྱས་ནས། སྨན་བཅོས་རོགས་སྐྱོར་གྱི་གཅིག་འདོམས་རིམ་པ་དང་གཞི་རྩའི་སྨན་བཅོས་ཀྱི་གཅིག་འདོམས་རིམ་པ་ཕན་ཚུན་མཐུན་སྦྱོར་ལ་སྐུལ་སྤེལ་བཏང་ནས། སྨན་བཅོས་རོགས་སྐྱོར་ལ་ཞིང་ཆེན་རིམ་པའི་གཅིག་གྱུར་བཀོད་འདོམས་བྱེད་པར་མགྱོགས་མྱུར་ངང་སྐུལ་འདེད་གཏོང་དགོས། སྨན་བཅོས་རོགས་སྐྱོར་ཐེབས་རྩའི་གཅིག་གྱུར་དོ་དམ་ལ་ཤུགས་བསྣན་ནས། ཐེབས་རྩ་བཀོལ་སྤྱོད་བྱེད་ཕྱོད་ཇེ་མཐོར་གཏོང་བ་དང་། ཐེབས་རྩའི་ཉེན་ཁ་སྔོན་འགོག་དང་མཐའ་སྐྱོར་འགན་སྲུང་བྱེད་ནུས་ཇེ་དྲག་ཏུ་བཏང་ནས། བཅད་མཚམས་ཆེས་ཆེ་བའི་ནང་དུ་དབུལ་ཕོངས་མང་ཚོགས་ལ་གཟིགས་སྐྱོང་ཐོབ་པར་བྱེད་དགོས་ཤིང་། དབུལ་ཕོངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་བདེ་སྣང་བཅས་ཇེ་དྲག་ཏུ་གཏོང་དགོས།

(གཉིས)རྩ་བའི་རྩ་དོན། མཐའ་ཚད་སྐྱོར་བ་དང་དཀའ་ཁག་མྱུར་སྐྱོབ། རྒྱུན་མཐུད་རུང་བ་བཅས་རྒྱུན་འཁྱོངས་བྱས་ཏེ། སྨན་བཅོས་རོགས་སྐྱོར་གྱི་ཆུ་ཚད་དང་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་གྱི་ཆུ་ཚད་ཕན་ཚན་འཚམ་པར་བྱེད་དགོས་ཤིང་། གཙོ་གནད་འབུར་ཐོན་དང་རིགས་དབྱེ་རོགས་སྐྱོར། ཡོངས་བསྒྲགས་བདེ་མྱུར་རྒྱུན་འཁྱོངས་བྱེད་པ། ཡོངས་བསྒྲགས་འདྲ་མཉམ་དྲང་བཞག་དང་ཆེད་དངུལ་ཆེད་སྤྱོད། གཏོང་ཡོང་དོ་མཉམ་རྒྱུན་འཁྱོངས་བྱེད་པ། ཞིང་ཆེན་ཡོངས་སུ་གཅིག་འདོམས་དང་རིམ་དབྱེ་ལས་སྒྲུབ། རང་འགན་རང་སྒྲུབ་རྒྱུན་འཁྱོངས་བྱེད་པ། ཐོན་ཁུངས་བསྡུ་རུབ་དང་ནུས་ཕྱོད་ཇེ་མཐོ། མང་ཚོགས་བདེ་བཟོ་རྒྱུན་འཁྱོངས་བྱེད་པ། ཆ་འཕྲིན་གཅིག་བསྡུས་དང་རིམ་ལྡན་འབྲེལ་མཐུད། ཐད་ཀར་སྡོམ་རྩིས། ལྟ་སྐུལ་ཤུགས་སྣོན་བཅས་རྒྱུན་འཁྱོངས་བྱེད་དགོས།

(གསུམ)དམིགས་འབེན་ལས་འགན། 2021ལོའི་ལོ་མཇུག་ཏུ་བསླེབ་དུས། སྨན་བཅོས་རོགས་སྐྱོར་ལ་ཞིང་ཆེན་རིམ་པའི་གཅིག་གྱུར་བཀོད་འདོམས་བྱེད་པ་མངོན་འགྱུར་བྱས་ཏེ། སྨན་བཅོས་རོགས་སྐྱོར་གྱི་ཐེབས་རྩ་ཞིང་ཆེན་རིམ་པས་གཅིག་གྱུར་ངང་བསྡུ་བ་དང་གཅིག་གྱུར་ངང་གཏོང་བ། གཅིག་གྱུར་ངང་དོ་དམ་བཅས་བྱས་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ཁག་ཡོད་པའི་མང་ཚོགས་ཀྱི་སྨན་བཅོས་རིན་པར“ཚུགས་གཅིག་ཞབས་ཕྱི་དང་ཁུང་གཅིག་ལས་སྒྲུབ། འཛིན་གཅིག་སྡོམ་རྩིས”བྱེད་ཐུབ་དགོས།

གཉིས། ནང་དོན་གཙོ་བོ།

(གཅིག)སྨན་བཅོས་རོགས་སྐྱོར་གྱི་ཁྱབ་ཁོངས། སྨན་བཅོས་རོགས་སྐྱོར་བྱ་ཡུལ་ལ་རང་ཞིང་གི་ཐེམ་ཐོ་ཡོད་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཡིན་དགོས་པར་མ་ཟད། ཁྱིམ་ཚང་གི་སྨན་བཅོས་ཀྱི་འགྲོ་གྲོན་ཁུར་བོ་ཐེག་པའི་ནུས་ཤུགས་གཞིར་བཟུང་ནས་རིམ་པ་གསུམ་དུ་དབྱེ་ཡོད་དེ།

1.གཙོ་གནད་རོགས་སྐྱོར་བྱ་ཡུལ་ནི། ཁྱད་དབུལ་འཚོ་སྐྱོང་བྱ་ཡུལ་དང་དྭ་ཕྲུག གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ། ཡོང་སྒོ་དམའ་བའི་ཁྱིམ་ཚང་གི་དབང་བོ་སྐྱོན་ཅན་ཚབས་ཆེན(དབང་བོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་ལོངས་སྤྱོད་བྱེད་བཞིན་པའི་དབང་བོ་སྐྱོན་ཅན་ཚབས་ཆེན་འདུ)། གཙོ་གནད་གཟིགས་སྐྱོང་བྱ་ཡུལ་བཅས་ཡིན།

2. ཡོང་སྒོ་དམའ་བའི་ཁྱིམ་མི།

3.འགྲོ་སྒོ་ཅན་གྱི་དབུལ་ཕོངས་ཁྱིམ་མི།

(གཉིས) སྨན་བཅོས་རོགས་སྐྱོར་གྱི་སྲིད་ཇུས། ཞིང་ཆེན་ཡོངས་སུ་གཅིག་གྱུར་གྱི་སྨན་བཅོས་རོགས་སྐྱོར་སྲིད་ཇུས་ལག་བསྟར་བྱེད་པ་མ་ཟད། དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་དང་ཐེབས་རྩའི་བཀོལ་སྤྱོད་ཀྱི་གནས་ཚུལ་ལ་བསྟུན་ནས་འགུལ་རྣམ་སྙོམ་སྒྲིག་བྱེད་དགོས།

1. འགན་བཅོལ་ལ་ཞུགས་པར་རོགས་དངུལ་སྤྲོད་པ། གཙོ་གནད་རོགས་སྐྱོར་བྱ་ཡུལ་དང་ཡོང་སྒོ་དམའ་བའི་ཁྱིམ་ཚང་གི་ལོ60དང་དེའི་ཡན་གྱི་བགྲེས་སོང་དག་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་སྒེར་གྱི་སྤྲོད་དངུལ་ཁག་ལ་རོགས་དངུལ་སྤྲོད་རྒྱུ། དེའི་ཁྲོད་དུ། ཁྱད་དབུལ་འཚོ་སྐྱོང་བྱ་ཡུལ་དང་དྭ་ཕྲུག་ལ་རོགས་དངུལ་ཧྲིལ་པོ་སྤྲོད་པར་མ་ཟད་ཚབ་སྤྲོད་བྱེད་རྒྱུ་དང་། གཙོ་གནད་རོགས་སྐྱོར་བྱ་ཡུལ་གཞན་དག་དང་ཡོང་སྒོ་དམའ་བའི་ཁྱིམ་ཚང་གི་ལོ60དང་དེའི་ཡན་གྱི་བགྲེས་སོང་དག་ལ། ལོ་དེར་མི་སྒེར་གྱིས་སྤྲད་པའི་ཚད་གཞིའི50%ཡི་རོགས་དངུལ་སྤྲོད་པ་མ་ཟད། མི་སྒེར་གྱི་དངུལ་ཧྲིལ་བོ་སྤྲད་རྗེས། ད་གཟོད་རོགས་སྐྱོར་འགན་བཅོལ་དུ་ཞུགས་པའི་གྲོན་དངུལ་མི་སྒེར་ལ་སྤྲོད་རྒྱུ།

2.སྒོ་བསྟེན་སྨན་བཅོས་རོགས་སྐྱོར།

(1)སྤྱིར་བཏང་གི་སྒོ་བསྟེན་སྨན་བཅོས་རོགས་སྐྱོར། ཁྱད་དབུལ་འཚོ་སྐྱོང་བྱ་ཡུལ་དང་དྭ་ཕྲུག་གིས་སྒོ་བསྟེན་སྨན་ཁང་ལས་སོང་བའི་སྨན་བཅོས་ཀྱི་རིན་པ་དེ། གཞི་རྩའི་སྨན་བཅོས་འགན་ལེན་གྱི་སྤྱིར་བཏང་གི་སྒོ་བསྟེན་ལས་གཅིག་གྱུར་སྲིད་ཇུས་ཀྱི་གཏན་འཁེལ་ལྟར་རྩིས་ཞུ་བྱས་རྗེས། ལྷག་མ་དེ་སྲིད་ཇུས་ཀྱི་ཁྱབ་ཁོངས་ནང་གི་སྨན་བཅོས་རིན་པ100%རོགས་སྐྱོར་བྱེད་དགོས་ཤིང་། མི་རེར་ལོ་རེར་ཆེས་མཐོའི་རོགས་སྐྱོར་བཅད་གྲངས་སྒོར360ཡིན།

(2)སྒོ་བསྟེན་གྱི་ཁྱད་ནད་དང་དལ་ནད(ནད་རིགས་ཚབས་ཆེན)ཀྱི་སྨན་བཅོས་རོགས་སྐྱོར། གཙོ་གནད་རོགས་སྐྱོར་བྱ་ཡུལ་ལ་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་དང་ལས་བཟོ་བའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་གཏན་འཁེལ་བྱས་པའི་སྒོ་བསྟེན་ཁྱད་ནད་དལ་ནད་ཕོག་ཡོད་ན། གནས་ཁེལ་སྨན་བཅོས་ལས་ཁུངས་ཀྱི་སྒོ་བསྟེན་སྨན་བཅོས་ལས་བྱུང་བའི་སྨན་བཅོས་རིན་པ་དེ། གཞི་རྩའི་སྨན་བཅོས་འགན་བཅོལ་སྒོ་བསྟེན་ཁྱད་ནད་དལ་ནད་ཀྱི་སྲིད་ཇུས་གཏན་ལ་ཕབ་པ་ལྟར་རྩིས་ཞུ་བྱས་རྗེས། ལྷག་མའི་སྲིད་ཇུས་ཁྱབ་ཁོངས་ནང་གི་སྨན་བཅོས་རིན་པ་ལྟར་སྨན་བཅོས་རོགས་སྐྱོར་བྱེད་དགོས། དེའི་ཁྲོད་དུ། ཁྱད་དབུལ་འཚོ་སྐྱོང་བྱ་ཡུལ་དང་དྭ་ཕྲུག་ལ100%ལྟར་རོགས་སྐྱོར་བྱེད་དགོས་ཤིང་། གཙོ་གནད་རོགས་སྐྱོར་བྱ་ཡུལ་གཞན་དག་ལ90%ལྟར་རོགས་སྐྱོར་བྱེད་པ་དང་། མི་རེར་ལོ་རེར་ཆེས་མཐོའི་རོགས་སྐྱོར་བཅད་གྲངས་སྒོར་ཁྲི1ཡིན།

(3)སྨན་བཅོས་འགན་བཅོལ་གྱི་དམིགས་བསལ་སྨན་རྫས་ཀྱི་སྨན་བཅོས་རོགས་སྐྱོར། གཙོ་གནད་རོགས་སྐྱོར་བྱ་ཡུལ་གྱིས་དམིགས་བསལ་སྨན་རྫས་གནས་ཁེལ་བྱས་པའི་སྨན་བཅོས་ལས་ཁུངས་ཀྱི་སྒོ་བསྟེན་ནམ་གནས་ཁེལ་བྱས་པའི་སིལ་འཚོང་སྨན་སྣ་ཚོང་ཁང་དུ་དམིགས་བསལ་སྨན་རྫས་ཉོས་ནས་བཀོལ་བའི་སྨན་བཅོས་ཀྱི་རིན་པ་དེ། སྨན་བཅོས་འགན་བཅོལ་གྱི་དམིགས་བསལ་སྨན་རྫས་ཀྱི་སྲིད་ཇུས་གཏན་འཁེལ་ལྟར་རྩིས་ཞུ་བྱས་རྗེས། ལྷག་མ་དེ་སྲིད་ཇུས་ཀྱི་ཁྱབ་ཁོངས་ནང་གི་སྨན་བཅོས་ཀྱི་རིན་པ་ལ་སྡོད་བཅོས་རོགས་སྐྱོར་སྲིད་ཇུས་ལྟར་རོགས་སྐྱོར་བྱེད་དགོས། སྒོ་བསྟེན་གྱི་ཁྱད་ནད་དང་དལ་ནད་རོགས་སྐྱོར་དང་སྨན་བཅོས་འགན་བཅོལ་གྱི་དམིགས་བསལ་སྨན་རྫས་རོགས་སྐྱོར་སྲིད་ཇུས་ཕན་ཚུན་སྣོལ་འཛིང་བྱུང་དུས། སྨན་བཅོས་འགན་བཅོལ་གྱི་དམིགས་བསལ་སྨན་རྫས་རོགས་སྐྱོར་སྲིད་ཇུས་ལག་བསྟར་བྱེད་དགོས། སྨན་བཅོས་འགན་བཅོལ་གྱི་དམིགས་བསལ་སྨན་རྫས་སྒོ་བསྟེན་རོགས་སྐྱོར་དང་སྡོད་བཅོས་རོགས་སྐྱོར་སྲིད་ཇུས་གཉིས་མཉམ་གཅིག་དུ་ལོངས་སྤྱོད་བྱས་མི་ཆོག

3. སྡོད་བཅོས་ཀྱི་སྨན་བཅོས་རོགས་སྐྱོར། གཙོ་གནད་རོགས་སྐྱོར་བྱ་ཡུལ་གྱིས་གནས་ཁེལ་བྱས་པའི་སྨན་བཅོས་ལས་ཁུངས་སུ་སྡོད་བཅོས་ལས་བྱུང་བའི་སྨན་བཅོས་ཀྱི་རིན་པ་དེ། གཞི་རྩའི་སྨན་བཅོས་འགན་བཅོལ་དང་ནད་ཆེན་སྨན་བཅོས་འགན་བཅོལ་ལས་རྩིས་ཞུ་བྱས་རྗེས། ལྷག་མ་དེ་སྲིད་ཇུས་ཀྱི་ཁྱབ་ཁོངས་ནང་གི་སྨན་བཅོས་ཀྱི་རིན་པ་ལ་སྡོད་བཅོས་རོགས་སྐྱོར་སྲིད་ཇུས་ལྟར་རོགས་སྐྱོར་བྱེད་དགོས། དེའི་ཁྲོད་དུ། ཁྱད་དབུལ་འཚོ་སྐྱོང་བྱ་ཡུལ་དང་དྭ་ཕྲུག་ལ100%ལྟར་རོགས་སྐྱོར་བྱེད་དགོས་ཤིང་། མི་རེར་ལོ་རེར་ཆེས་མཐོའི་རོགས་སྐྱོར་བཅད་གྲངས་སྒོར་ཁྲི6དང་། གཙོ་གནད་རོགས་སྐྱོར་བྱ་ཡུལ་གཞན་དག་ལ80%ལྟར་རོགས་སྐྱོར་བྱེད་དགོས་ཤིང་། མི་རེར་ལོ་རེར་ཆེས་མཐོའི་རོགས་སྐྱོར་བཅད་གྲངས་སྒོར་ཁྲི5ཡིན། ཡོང་སྒོ་དམའ་བའི་ཁྱིམ་མི་ཡིས་གནས་ཁེལ་བྱས་པའི་སྨན་བཅོས་ལས་ཁུངས་སུ་སྡོད་བཅོས་ལས་བྱུང་བའི་སྨན་བཅོས་ཀྱི་རིན་པ་དེ། གཞི་རྩའི་སྨན་བཅོས་འགན་བཅོལ་དང་ནད་ཆེན་སྨན་བཅོས་འགན་བཅོལ་ལས་རྩིས་ཞུ་བྱས་རྗེས། སྒོར5000ཡན་བརྒལ་བ་དེ་སྲིད་ཇུས་ཁྱབ་ཁོངས་ནང་གི་སྨན་བཅོས་རིན་པ་ལ50%རོགས་སྐྱོར་བྱེད་དགོས་ཤིང་། མི་རེར་ལོ་རེར་ཆེས་མཐོའི་རོགས་སྐྱོར་བཅད་གྲངས་སྒོར་ཁྲི2ཡིན།

4.ནད་རིགས་ཚབས་ཆེན་གྱི་སྨན་བཅོས་རོགས་སྐྱོར། གཙོ་གནད་རོགས་སྐྱོར་བྱ་ཡུལ་གྱིས་གནས་ཁེལ་བྱས་པའི་སྨན་བཅོས་ལས་ཁུངས་སུ་སྡོད་བཅོས་ལས་བྱུང་བའི་སྨན་བཅོས་ཀྱི་རིན་པ་དེ། གཞི་རྩའི་སྨན་བཅོས་འགན་བཅོལ་དང་ནད་ཆེན་སྨན་བཅོས་འགན་བཅོལ། སྡོད་བཅོས་སྨན་བཅོས་རོགས་སྐྱོར། སྨན་བཅོས་འགན་བཅོལ་གྱི་ཁ་གསབ་རིགས་སྣ་ཚོགས་ལས་རྩིས་ཞུ་བྱས་རྗེས། སྒེར་གྱི་ཁག་ཁུར་རིན་པ(རང་སྤྲོད་གྲོན་དངུལ་ཁག་འདུ)སྔར་བཞིན་ཅུང་ཆེ་བར། ནད་རིགས་ཚབས་ཆེན་གྱི་སྨན་བཅོས་རོགས་སྐྱོར་སྟེར་དགོས། དེའི་ཁྲོད་དུ། གཙོ་གནད་རོགས་སྐྱོར་བྱ་ཡུལ་དང་ཡོང་སྒོ་དམའ་བའི་ཁྱིམ་མི་སྒེར་གྱི་ཁག་ཁུར་རིན་པ་དེ་ལོ་འཁོར་ནང་སྤྱི་སྡོམ་སྒོར་ཁྲི1ཡན་བརྒལ་བའི་ཁག་ལ60%ལྟར་རོགས་སྐྱོར་བྱེད་དགོས་ཤིང་། འགྲོ་སྒོ་རང་བཞིན་གྱི་དབུལ་ཕོངས་ཁྱིམ་མིའི་སྒེར་གྱི་ཁག་ཁུར་རིན་པ་དེ་ལོ་འཁོར་ནང་སྤྱི་སྡོམ་སྒོར་ཁྲི5ཡན་བརྒལ་བའི་ཁག་ལ50%ལྟར་རོགས་སྐྱོར་བྱེད་དགོས། མི་རེར་ལོ་རེར་ཆེས་མཐོའི་རོགས་སྐྱོར་བཅད་གྲངས་སྒོར་ཁྲི10ཡིན།

5. ལོ14མན་གྱི་བྱིས་པའི་སྨན་བཅོས་རོགས་སྐྱོར་གྱི་བསྡུར་ཚད་ཇེ་མཐོར་གཏོང་དགོས། གཙོ་གནད་རོགས་སྐྱོར་བྱ་ཡུལ་ཁྲོད་ལོ14མན་གྱི་བྱིས་པ(ཁྱད་དབུལ་འཚོ་སྐྱོང་བྱ་ཡུལ་དང་དྭ་ཕྲུག་ཕུད)ལ། སྡོད་བཅོས་རོགས་སྐྱོར་གྱི་བསྡུར་ཚད10%ཇེ་མཐོར་བཏང་ནས90%ལ་སླེབས་དགོས་ཤིང་། མི་རེར་ལོ་རེར་ཆེས་མཐོའི་རོགས་སྐྱོར་བཅད་གྲངས་སྒོར་ཁྲི6ཡིན། ཡོང་སྒོ་དམའ་བའི་ཁྱིམ་མིའི་ཁྲོད་ལོ14མན་གྱི་བྱིས་པ་ལ། སྡོད་བཅོས་རོགས་སྐྱོར་བསྡུར་ཚད10%ཇེ་མཐོར་བཏང་ནས60%ལ་སླེབས་དགོས་ཤིང་། མི་རེར་ལོ་རེར་ཆེས་མཐོའི་རོགས་སྐྱོར་བཅད་གྲངས་སྒོར་ཁྲི2ཡིན། གཙོ་གནད་རོགས་སྐྱོར་བྱ་ཡུལ་དང་ཡོང་སྒོ་དམའ་བའི་ཁྱིམ་མིའི་ཁྲོད་ལོ14མན་གྱི་བྱིས་པ་ལ། ནད་རིགས་ཚབས་ཆེན་རོགས་སྐྱོར་གྱི་བསྡུར་ཚད10%ཇེ་མཐོར་བཏང་ནས70%ལ་སླེབས་དགོས་ཤིང་། མི་རེར་ལོ་རེར་ཆེས་མཐོའི་རོགས་སྐྱོར་བཅད་གྲངས་སྒོར་ཁྲི10ཡིན། འགྲོ་སྒོ་རང་བཞིན་གྱི་དབུལ་ཕོངས་ཁྱིམ་མིའི་ཁྲོད་ལོ14མན་གྱི་བྱིས་པ་ལ། ནད་རིགས་ཚབས་ཆེན་རོགས་སྐྱོར་གྱི་བསྡུར་ཚད10%ཇེ་མཐོར་བཏང་ནས60%ལ་སླེབས་དགོས་ཤིང་། མི་རེར་ལོ་རེར་ཆེས་མཐོའི་རོགས་སྐྱོར་བཅད་གྲངས་སྒོར་ཁྲི10ཡིན།

6. རོགས་སྐྱོར་གཞན་དག སྨན་བཅོས་རོགས་སྐྱོར་བྱ་ཡུལ་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མེད་པའམ་གཏན་འཁེལ་ལྟར་འགྲོ་ལུགས་རིམ་པ་བཞིན་སྨན་བཅོས་གནས་སྤོར་གྱི་འགྲོ་ལུགས་མ་སྒྲུབ་པ་ལ། སྒེར་གྱི་ཁག་ཁུར་པའི་སྲིད་ཇུས་ཁྱབ་ཁོངས་ནང་གི་སྨན་བཅོས་རིན་པ40%ལྟར་རོགས་སྐྱོར་སྟེར་དགོས།

7. ཞབས་ཕྱི་དོ་དམ།

(1) སྨན་བཅོས་རོགས་སྐྱོར་དཀར་ཆག་གི་དོ་དམ། ཞིང་ཆེན་ཡོངས་ཀྱི་སྨན་བཅོས་རོགས་སྐྱོར་ལ་གཞི་རྩའི་སྨན་བཅོས་འགན་བཅོལ་སྨན་རྫས་དང་བརྟག་བཅོས་རྣམ་གྲངས། སྨན་སྤྱོད་གྲོན་རྫས་སོགས་ཀྱི་དཀར་ཆག་གཅིག་གྱུར་ལག་བསྟར་བྱེད་དགོས།

(2) གནས་ཁེལ་སྨན་གཉེར་ལས་ཁུངས་ཀྱི་དོ་དམ། གཞི་རྩའི་སྨན་བཅོས་འགན་བཅོལ་གྱིས་གཏན་འཁེལ་བྱས་པའི་གནས་ཁེལ་སྨན་གཉེར་ལས་ཁུངས་ནི་སྨན་བཅོས་རོགས་སྐྱོར་གྱི་གནས་ཁེལ་སྨན་གཉེར་ལས་ཁུངས་ཡིན།

(3) སྨན་བཅོས་རོགས་སྐྱོར་རིན་པ་བསྡོམས་རྩིས། སྨན་བཅོས་རོགས་སྐྱོར་བྱ་ཡུལ་གྱིས་གནས་ཁེལ་བྱས་པའི་སྨན་གཉེར་ལས་ཁུངས་སུ་སྨན་བཅོས་བྱས་པའི་སྨན་རིན“ཚུགས་གཅིག་ཅན”གྱི་སྡོམ་རྩིས་རྒྱག་དགོས་ལ། ཞིང་ཆེན་རིམ་པའི་སྨན་བཅོས་འགན་སྲུང་སྡེ་ཁག་གིས་མངག་བཅོལ་བྱས་ཡོད་པའི་ལས་སྒྲུབ་ལས་ཁུངས་ཀྱིས་ཟླ་ལྟར་གནས་ཁེལ་སྨན་གཉེར་ལས་ཁུངས་སུ་སྡོམ་རྩིས་རྒྱག་དགོས། དམིགས་བསལ་གྱི་རྐྱེན་ལས་དུས་ཐོག་ཏུ་སྡོམ་རྩིས་རྒྱག་མ་ཐུབ་པ་ལ། རོགས་སྐྱོར་བྱ་ཡུལ་གྱིས་ལོ་རྗེས་མའི་ཟླ10བའི་ཚེས31ཉིན་གྱི་སྔོན་ལ། འབྲེལ་ཡོད་རྒྱུ་ཆ་ཁྱེར་ནས་ཞིང་ཆེན་རིམ་པའི་སྨན་བཅོས་འགན་སྲུང་སྡེ་ཁག་གི་མངག་བཅོལ་བྱས་པའི་ལས་སྒྲུབ་ལས་ཁུངས་སུ་སོང་ནས་རྩིས་ཞུ་བྱེད་དགོས་ཤིང་། དུས་འགྱངས་བྱུང་ན་རྩ་དོན་གྱི་སྟེང་ནས་རོགས་སྐྱོར་མི་བྱེད། ཞིང་ཆེན་བརྒལ་ནས་སྨན་བཅོས་བྱས་པར། གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྲིད་ཇུས་གཏན་འཁེལ་ལ་ཟུར་ལྟ་བྱས་ནས་སྡོམ་རྩིས་རྒྱག་དགོས།

(གསུམ) ལས་སྒྲུབ་ཞབས་ཕྱི། སྨན་བཅོས་རོགས་སྐྱོར་གྱི་ལས་སྒྲུབ་ཞབས་ཕྱི་བྱ་བ་དེ་ཞིང་ཆེན་རིམ་པའི་སྨན་བཅོས་འགན་སྲུང་སྡེ་ཁག་གིས་མངག་བཅོལ་བྱས་ཤིང་ཆ་རྐྱེན་དང་འཚམ་པའི་ཚོང་ལས་འགན་བཅོལ་ཀུང་སི་ཡིས་འགན་ཁུར་བ་དང་། རོགས་སྐྱོར་བྱ་ཡུལ་གྱི་སྨན་བཅོས་རིན་པ་ཞིབ་བཤེར་དང་སྨན་བཅོས་རིན་པ་སྡོམ་རྩིས་གཏོང་སྤྲོད། རྨས་བྱུང་བརྟག་དཔྱད་དང་འཛིན་བྱང་ཞིབ་བཤེར་སོགས་ཀྱི་ལས་འགན་འཁུར་དགོས། གྲོང་ཁྱེར་དང་ཁུལ་སོ་སོའི་སྨན་བཅོས་འགན་སྲུང་སྡེ་ཁག་གིས་རང་སྲིད་འཛིན་མངའ་ཁོངས་ནང་གི་སྨན་བཅོས་རོགས་སྐྱོར་ཐེབས་རྩ་ལྟ་སྐུལ་དང་དོ་དམ་གྱི་འགན་འཁུར་དགོས་པར་མ་ཟད། “གཏན་གཉིས”ཞབས་ཕྱིའི་གྲོས་ཡིག་ལ་མཆན་འགོད་དང་དོ་དམ་སོགས་ཀྱི་བྱ་བའི་འགན་འཁུར་དགོས། ཞིང་ཆེན་ཡོངས་ཀྱིས་གཅིག་གྱུར་གྱི་སྨན་བཅོས་རོགས་སྐྱོར་ལས་སྒོ་སྒྲུབ་པའི་བརྒྱུད་རིམ་ལག་བསྟར་བྱེད་དགོས། བྱེ་བྲག་གི་ལས་སྒྲུབ་བརྒྱུད་རིམ་ནི་ཞིང་ཆེན་རིམ་པའི་སྨན་བཅོས་འགན་སྲུང་སྡེ་ཁག་གིས་ཟུར་ཏུ་གཏན་འབེབས་བྱེད་དགོས།

(བཞི) ཐེབས་རྩའི་དོ་དམ། སྨན་བཅོས་རོགས་སྐྱོར་ཐེབས་རྩ་ནི་གཙོ་བོ་སྤྱི་པའི་ནོར་སྲིད་ཀྱི་སྔོན་རྩིས་དང་རྒྱན་ཤོག་སྤྱི་ཕན་དངུལ། སྤྱི་ཚོགས་ཀྱི་རིགས་སོ་སོའི་ཞལ་འདེབས་རོགས་སྐྱོར་སོགས་ཀྱི་བརྒྱུད་ལམ་ལས་བསྡུས་པ་མཐའ་དག་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱི་ཆེད་སྤྱོད་རྩིས་ཐོ་ལས་དོ་དམ་བྱས་ཡོད་ཅིང་། རྩིས་བགར་ནས་ཞིབ་རྩིས་བྱེད་པ་དང་ཆེད་དངུལ་ཆེད་སྤྱོད་བྱེད་ཀྱིན་ཡོད།

1. ཐེབས་རྩ་གྲབས་གསོག གྲོང་ཁྱེར་དང་ཁུལ། རྫོང་རིམ་པའི་ནོར་སྲིད་སྡེ་ཁག་གིས་ས་གནས་ཀྱི་སྨན་བཅོས་རོགས་སྐྱོར་གྱི་དགོས་མཁོ་དང་བྱ་བ་སྤེལ་བའི་གནས་ཚུལ་སོགས་རྒྱུ་རྐྱེན་ལ་གཞིགས་ནས། ལོ་མགོར་སྤྱི་པའི་ནོར་སྲིད་ཀྱི་སྔོན་རྩིས་དང་རྒྱན་ཤོག་སྤྱིན་ཕན་དངུལ་གྱི་ཁྲོད་དུ་འོས་འཚམ་གྱིས་སྨན་བཅོས་རོགས་སྐྱོར་དངུལ་བཀོད་སྒྲིག་བྱེད་དགོས། ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ཁ་གསབ་རོགས་སྐྱོར་གྱི་མ་དངུལ་གཅིག་གྱུར་བཀོད་སྒྲིག་བྱས་ཏེ། གྲོང་ཁྱེར་དང་ཁུལ། རྫོང་སོ་སོའི་ནོར་ཤུགས་ཀྱི་གནས་བབ་ལས་ཐེབས་རྩར་ཁ་གསབ་རོགས་སྐྱོར་སྟེར་དགོས། སྤྱི་ཚོགས་ཀྱི་ལས་རིགས་སོ་སོས་རང་མོས་ངང་ཕུལ་བའི་ཞལ་འདེབས་མ་དངུལ་ནི་གཏན་འབེབས་ལྟར་གྲབས་གསོག་དང་བཀོལ་སྤྱོད་བྱེད་དགོས།

2. ཐེབས་རྩའི་གཏོང་སྤྲོད་དང་བཀོལ་སྤྱོད། ཞིང་ཆེན་རིམ་པའི་སྨན་བཅོས་འགན་སྲུང་སྡེ་ཁག་གིས་དུས་ཚིགས་ལྟར་དངུལ་སྤྱོད་འཆར་གཞི་སྒྲིག་བཟོ་བྱས་ཏེ། ཞིང་ཆེན་རིམ་པའི་ནོར་སྲིད་སྡེ་ཁག་ལ་མ་དངུལ་རེ་ཞུ་བྱེད་དགོས། ཞིང་ཆེན་རིམ་པའི་ནོར་སྲིད་སྡེ་ཁག་གིས་དངུལ་སྤྱོད་འཆར་གཞི་དང་དངུལ་སྤྱོད་རེ་ཞུ་འབྱོར་རྗེས་དུས་ཐོག་ཏུ་མ་དངུལ་ཞིང་ཆེན་རིམ་པའི་སྨན་བཅོས་འགན་སྲུང་སྡེ་ཁག་གི་འགྲོ་སྒོའི་རྩིས་ཐོ་རུ་གཏོང་སྤྲོད་བྱེད་དགོས་ཤིང་། དེ་ནས་ཞིང་ཆེན་རིམ་པའི་སྨན་བཅོས་འགན་ལེན་སྡེ་ཁག་གིས་མངག་བཅོལ་ལས་སྒྲུབ་ལས་ཁུངས་ཀྱི་དངུལ་སྤྱོད་རེ་ཞུ་ལྟར་དུ། དུས་ཚིགས་ལྟར་རྩིས་ཞུ་སྡོམ་རྩིས་བྱས་པའི་སྨན་བཅོས་རོགས་སྐྱོར་མ་དངུལ་ནང་བགོས་གཏོང་བྱེད་དགོས།

3. རྩིས་ཐོའི་དོ་དམ།

(1) ཡོང་སྒོའི་རྩིས་ཐོ། ཞིང་ཆེན་རིམ་པའི་སྨན་བཅོས་འགན་སྲུང་སྡེ་ཁག་གི་ཡོང་སྒོའི་རྩིས་ཐོའི་འོག་ཏུ་སྨན་བཅོས་རོགས་སྐྱོར་གྱི་བུའི་རྩིས་ཐོ་བཟོ་དགོས་ཤིང་། དེ་ནི་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་ཞལ་འདེབས་རོགས་སྐྱོར་གྱི་ཡོང་སྒོ་བསྡུ་བར་བཀོལ་བ་དང་། རྩིས་ཐོ་དེའི་སྐྱེད་ཀའི་ཡོང་སྒོ་གནས་སྐབས་སུ་གསོག་འཇོག་བྱེད་དགོས་ལ། མངག་བཅོལ་ལས་སྒྲུབ་ལས་ཁུངས་ཀྱི་རྩིས་ཐོ་ལས་བྱུང་བའི་སྐྱེད་ཀའི་ཡོང་སྒོ་དང་ཡོང་སྒོ་གཞན་དག་བསྡུ་ལེན་བྱེད་དགོས། རྩིས་ཐོ་དེར་ཟླ་མཇུག་ཏུ་ལྷག་དངུལ་ཡོད་མི་ཆོག

(2) འགྲོ་སྒོའི་རྩིས་ཐོ། ཞིང་ཆེན་རིམ་པའི་སྨན་བཅོས་འགན་སྲུང་སྡེ་ཁག་གི་འགྲོ་སྒོའི་རྩིས་ཐོ་སོར་འཇོག་བྱས་ཏེ། ཞིང་ཆེན་རིམ་པའི་སྨན་བཅོས་རོགས་སྐྱོར་གྱི་ནོར་སྲིད་ཆེད་སྤྱོད་རྩིས་ཐོའི་ཐེབས་རྩ་གཏོང་མཇུག་བསྡུ་བ་དང་རྩིས་ཐོ་དེའི་སྐྱེད་ཀའི་ཡོང་སྒོ་གནས་སྐབས་སུ་གསོག་འཇོག་བྱེད་པར་བཀོལ་དགོས། ཐེབས་རྩའི་འགྲོ་སྒོའི་མ་དངུལ་གཏོང་སྤྲོད་དང་ནོར་སྲིད་ཆེད་སྤྱོད་རྩིས་ཐོར་སྐྱེད་ཀའི་ཡོང་སྒོ་སྤྲོད་རྒྱུ། གྲོང་ཁྱེར་དང་ཁུལ། རྫོང་རིམ་པ་བཅས་ཀྱི་སྨན་བཅོས་འགན་སྲུང་སྡེ་ཁག་གི་སྨན་བཅོས་རོགས་སྐྱོར་འགྲོ་སྒོའི་རྩིས་ཐོ་ཕྱིར་འཐེན་བྱས་ཏེ། སྔོན་ནས་བཏང་བའི་རོགས་སྐྱོར་འགན་བཅོལ་དུ་ཞུགས་པའི་རིན་པ་དེ་ཞིང་ཆེན་རིམ་པའི་སྨན་བཅོས་འགན་སྲུང་སྡེ་ཁག་གིས་མངག་བཅོལ་བྱས་པའི་ལས་སྒྲུབ་ལས་ཁུངས་ཀྱི་སྒྲུབ་པར་བྱེད་དགོས། འགན་བཅོལ་དུ་ཞུགས་མཁན་གྱིས་རིན་སྤྲད་དཔང་འཛིན་བཟུང་ནས་མངག་བཅོལ་ལས་སྒྲུབ་ལས་ཁུངས་ཀྱི་དྲ་ཚིགས་སུ་སོང་ནས་རྩིས་ཞུ་ཞིབ་བཤེར་བྱེད་དགོས།

མངག་བཅོལ་ལས་སྒྲུབ་ལས་ཁུངས་ཀྱིས་ལོ་མཇུག་གི་སྔོན་ལ་ངེས་པར་དུ་ལས་གཉེར་རྩིས་ཐོའི་ལྷག་འཕྲོ་མ་དངུལ་ཡོངས་སུ་ཞིང་ཆེན་རིམ་པའི་སྨན་བཅོས་འགན་སྲུང་སྡེ་ཁག་གི་འགྲོ་སྒོའི་རྩིས་ཐོ་རུ་ཕྱིར་སློག་བྱས་ནས། ལོ་མཇུག་ལ་ལྷག་དངུལ་མེད་པར་ཁག་ཐེག་བྱེད་དགོས། དེ་དང་མཉམ་དུ། དེའི་རྩིས་ཐོ་ལས་བྱུང་བའི་སྐྱེད་ཀའི་ཡོང་སྒོ་ཡོངས་སུ་ཞིང་ཆེན་རིམ་པའི་སྨན་བཅོས་འགན་སྲུང་སྡེ་ཁག་གི་ཡོང་སྒོའི་རྩིས་ཐོ་རུ་སྤྲོད་དགོས།

(3) ནོར་སྲིད་ཀྱི་ཆེད་ཐོ། ཞིང་ཆེན་རིམ་པའི་ནོར་སྲིད་སྡེ་ཁག་གིས་སྤྱི་ཚོགས་འགན་སྲུང་ཐེབས་རྩའི་ནོར་སྲིད་ཆེད་ཐོའི་འོག་ཏུ་སྨན་བཅོས་རོགས་སྐྱོར་ཐེབས་རྩའི་ནོར་སྲིད་ཆེད་ཐོའི་བུའི་རྩིས་ཐོ་བཟོས་ནས། གྲོང་ཁྱེར་དང་ཁུལ། རྫོང་རིམ་པའི་ནོར་སྲིད་སྡེ་ཁག་གིས་བཀོད་སྒྲིག་བྱས་པའི་ནོར་སྲིད་ཁ་གསབ་རོགས་སྐྱོར་གྱི་ཡོང་སྒོ་དང་ཡོང་སྒོའི་རྩིས་ཐོའི་སྤྲད་པའི་སྤྱི་ཚོགས་ཀྱི་ཞལ་འདེབས་ཡོང་སྒོ་དང་དེའི་སྐྱེད་ཀའི་ཡོང་སྒོ། འགྲོ་སྒོའི་རྩིས་ཐོའི་སྤྲད་པའི་སྐྱེད་ཀའི་ཡོང་སྒོ་སོགས་བསྡུ་ལེན་བྱེད་དགོས་ཤིང་། ཞིང་ཆེན་རིམ་པའི་སྨན་བཅོས་འགན་སྲུང་སྡེ་ཁག་གི་དངུལ་སྤྱོད་འཆར་གཞི་དང་དངུལ་སྤྱོད་རེ་ཞུ། སྔོན་རྩིས་ལྟར་ཐེབས་རྩའི་དངུལ་ལམ་ལས་སྒྲུབ་ཐེབས་རྩའི་ངེས་རྩིས་དང་། དེར་མ་ཟད་གཏན་ལ་ཕབ་པའི་སྤྱོད་སྒོ་གཞན་དག་ལ་འགྲོ་སྒོའི་རྩིས་ཐོ་ལས་གཏོང་སྤྲོད་བྱེད་དགོས།

གྲོང་ཁྱེར་དང་ཁུལ། རྫོང་རིམ་པའི་ནོར་སྲིད་སྡེ་ཁག་གིས་བཀོད་སྒྲིག་བྱས་པའི་ཆ་སྒྲིག་མ་དངུལ་དེ་རྒྱལ་མཛོད་ལས་ཞིང་ཆེན་རིམ་པའི་སྨན་བཅོས་རོགས་སྐྱོར་ཐེབས་རྩའི་ནོར་སྲིད་ཆེད་ཐོར་གོང་སྤྲོད་བྱེད་དགོས།

4. ནོར་སྲིད་ཀྱི་འགན་བགོས་རྐྱེན་སྲོལ། རང་ཞིང་གི་སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་ནོར་སྲིད་དོན་དབང་དང་འགྲོ་སྒོའི་འགན་འཁྲི་དབྱེ་བགོ་ལྟར། སྨན་བཅོས་རོགས་སྐྱོར་ནི་ཞིང་ཆེན་དང་གྲོང་ཁྱེར་རམ་ཁུལ། རྫོང་རིམ་པ་བཅས་ཀྱི་ཐུན་མོང་གི་ནོར་སྲིད་དོན་དབང་ཡིན། ཞིང་ཆེན་དང་གྲོང་ཁྱེར་རམ་ཁུལ། རྫོང་རིམ་པ་བཅས་ཀྱི་ནོར་སྲིད་ཀྱིས་ཐུན་མོང་ཐོག་འགྲོ་སྒོའི་འགན་འཁྲི་འཁུར་དགོས།

(ལྔ) ཆ་འཕྲིན་མ་ལག ཞིང་ཆེན་ཡོངས་སུ་གཅིག་གྱུར་སྒོས་སྨན་བཅོས་རོགས་སྐྱོར་ཁྱབ་ཁོངས་དང་རོགས་སྐྱོར་ཚད་གཞི། རོགས་སྐྱོར་བརྒྱུད་རིམ། ཐེབས་རྩའི་དོ་དམ། སྡོམ་རྩིས་ཞབས་ཕྱི་སོགས་ཁག་སོ་སོར་ཁེབས་པའི་ཆ་འཕྲིན་དོ་དམ་ལག་འཛུགས་དགོས་ཤིང་། ཞིང་ཆེན་སྲིད་དོན་གཞི་གྲངས་ཆེན་མོའི་ཞབས་ཕྱི་སྟེགས་བུར་གཞི་བཅོལ་ནས། རིམ་བཞིན་འཕྲོད་བསྟེན་བདེ་ཐང་དང་སྤྱི་བདེ། དམངས་སྲིད། ཟུར་ཐོན་དམག་མིའི་ལས་དོན་སོགས་སྡེ་ཁག་གི་འབྲེལ་ཡོད་ཆ་འཕྲིན་གྱི་གཞི་གྲངས་ཐོན་ཁུངས་མཉམ་སྤྱོད་བྱེད་པ་མངོན་འགྱུར་བྱེད་དགོས། གཞི་རྩའི་སྨན་བཅོས་འགན་བཅོལ་དང་ནད་ཆེན་སྨན་བཅོས་བཅོལ་ལེན། སྨན་བཅོས་རོགས་སྐྱོར་ལམ་ལུགས། ཆ་འཕྲིན་མ་ལག ལས་སྒྲུབ་བརྒྱུད་རིམ་གྱི་འབྲེལ་མཐུད་བཅས་རིམ་བཞིན་འཐུས་ཚང་དུ་བཏང་ནས། སྨན་བཅོས་རིན་པ“ཚུགས་གཅིག་ཅན”གྱི་སྡོམ་རྩིས་ལག་བསྟར་བྱེད་དགོས། སྨན་བཅོས་འགན་བཅོལ་རིག་ནུས་ཞིབ་བཤེར་གྱི་ལྟ་བཤེར་མ་ལག་འཐུས་ཚང་དུ་བཏང་ནས། གནས་ཁེལ་སྨན་གཉེར་ལས་ཁུངས་ཀྱི་ཞབས་ཕྱིའི་སྤྱོད་ཚུལ་དང་སྨན་བཅོས་རོགས་སྐྱོར་བྱ་ཡུལ་གྱི་སྨན་བཅོས་བྱེད་ཚུལ་ལ་དྲ་ལམ་ནས་དུས་ཐོག་ཏུ་ལྟ་བཤེར་བྱེད་པ་སོགས་ཀྱི་རིན་པ་ཚོད་འཛིན་བྱེད་ཐབས་ཇེ་དྲག་ཏུ་བཏང་སྟེ། སྨན་བཅོས་རིན་པ་འོས་འཚམ་མིན་པར་འཕར་བ་ཚོད་འཛིན་བྱེད་དགོས།

གསུམ། རྩ་འཛུགས་འགན་སྲུང་།

(གཅིག) རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་པ། སྨན་བཅོས་རོགས་སྐྱོར་ལ་ཞིང་ཆེན་རིམ་པས་གཅིག་གྱུར་བཀོད་འདོམས་བྱེད་པ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྨན་བཅོས་འགན་སྲུང་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་བྱེད་པའི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་མཐར་ཕྱིན་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། སྨན་བཅོས་རོགས་སྐྱོར་གྱི་ཐེབས་རྩ་དོ་དམ་ཚད་ལྡན་དུ་གཏོང་བ་དང་། སྨན་བཅོས་རོགས་སྐྱོར་ཞབས་ཕྱིའི་འགན་སྲུང་ནུས་ཤུགས་མཐོར་འདེགས་གཏོང་བར་དོན་སྙིང་གལ་ཆེན་ལྡན། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་སྔར་ལས་ངོས་ཟིན་ཇེ་མཐོ་དང་བསམ་བློ་གཅིག་གྱུར་བྱས་ཏེ། རྩ་འཛུགས་མགོ་ཁྲིད་ལ་དངོས་གནས་ཤུགས་སྣོན་པ་དང་བྱ་བའི་ཁག་སོ་སོར་རིམ་ལྡན་ངང་སྐུལ་འདེད་བཏང་ཐོག སྨན་བཅོས་རོགས་སྐྱོར་གྱི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་ནས་གནད་སྨིན་པར་ཁག་ཐེག་བྱེད་དགོས། ས་ཁུལ་སོ་སོས་ལག་བསྟར་བྱེད་པའི་གོ་རིམ་ཁྲོད་དུ་གལ་ཏེ་གནས་ཚུལ་འགངས་ཆེན་ལ་ཐུག་ན་དུས་ཐོག་ཏུ་ཞིང་ཆེན་སྲིད་གཞུང་ལ་སྙན་ཞུ་འབུལ་དགོས།

(གཉིས) རྩ་འཛུགས་ལག་བསྟར་ཞིབ་ཚགས་བྱེད་པ། རིམ་པ་སོ་སོའི་སྨན་བཅོས་འགན་སྲུང་དང་དམངས་སྲིད། ཟུར་ཐོན་དམག་མིའི་ལས་དོན་སོགས་སྡེ་ཁག་གིས་མི་སྣའི་ཆ་འཕྲིན་གཞི་གྲངས་མཉམ་འབྲེལ་མཉམ་སྤེལ་དང་ཐོན་ཁུངས་མཉམ་སྤྱོད་ཀྱི་རྐྱེན་སྲོལ་འཛུགས་དགོས། དམངས་སྲིད་སྡེ་ཁག་གིས་ཁྱད་དབུལ་འཚོ་སྐྱོང་བྱ་ཡུལ་དང་དྭ་ཕྲུག གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་སྲུང་བྱ་ཡུལ། ཡོང་སྒོ་དམའ་བའི་ཁྱིམ་ཚང་གི་དབང་བོ་སྐྱོན་ཅན་ཚབས་ཆེན(དབང་བོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་ལོངས་སྤྱོད་བྱེད་བཞིན་པའི་དབང་བོ་སྐྱོན་ཅན་ཚབས་ཆེན་འདུ)། ཡོང་སྒོ་དམའ་བའི་ཁྱིམ་མི། འགྲོ་སྒོ་ཅན་གྱི་དབུལ་ཕོངས་ཁྱིམ་མི་བཅས་གསལ་ཐག་གཅོད་པའི་འགན་འཁུར་དགོས། ཟུར་ཐོན་དམག་མིའི་ལས་དོན་སྡེ་ཁག་གིས་གཙོ་གནད་གཟིགས་སྐྱོང་བྱ་ཡུལ་གསལ་ཐག་གཅོད་པའི་འགན་འཁུར་དགོས། སྨན་བཅོས་འགན་སྲུང་དང་ནོར་སྲིད་སྡེ་ཁག་གིས་གྲོང་ཁྱེར་དང་ཁུལ་གྱིས་སྨན་བཅོས་རོགས་སྐྱོར་ཐེབས་རྩའི་གསལ་ཐོ་ལོགས་སུ་བཟོས་ཡོད་པ་གཞིར་བཟུང་སྟེ། དུས་བཅད་ལྟར་རྩིས་ཐོ་ཐོད་གཏུགས་པའི་རྐྱེན་སྲོལ་བཙུགས་ཤིང་། མཉམ་དུ་ཐེབས་རྩའི་བཀོལ་སྤྱོད་དང་ལྟ་སྐུལ་དོ་དམ་བྱ་བ་ལེགས་པོར་བསྒྲུབ་ནས། སྨན་བཅོས་རོགས་སྐྱོར་ཐེབས་རྩ་ལ་ཞིང་ཆེན་རིམ་པས་གཅིག་འདོམས་དོ་དམ་བྱེད་པའི་བྱ་བ་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱེད་དགོས། སྨན་བཅོས་འགན་སྲུང་སྡེ་ཁག་གིས་ཚད་ལྡན་ཅན་གྱི་ལས་སྒོའི་བརྒྱུད་རིམ་བཙུགས་ནས་སྨན་བཅོས་རོགས་སྐྱོར་གྱི་གླ་ཆ་དོན་འཁྱོལ་དང་དོ་དམ་ཞབས་ཕྱི་ལེགས་པོར་བསྒྲུབ་དགོས། མངག་བཅོལ་ལས་སྒྲུབ་ལས་ཁུངས་ཀྱི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་བསྣན་ནས། དཔྱད་འཇོག་དཔྱད་ཞིབ་མ་ལག་འཐུས་ཚང་དུ་བསྐྲུན་དགོས། གནས་ཁེལ་སྨན་གཉེར་ལས་ཁུངས་ཀྱི་འབྲེལ་ཡོད་སྨན་བཅོས་ཞབས་ཕྱིའི་སྤྱོད་ཚུལ་གྱི་ལྟ་སྐུལ་ཇེ་དྲག་ཏུ་གཏོང་དགོས་ཤིང་། སྨན་བཅོས་རོགས་སྐྱོར་ཐེབས་རྩའི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས་ཐེབས་རྩ་བརྟན་འཇགས་དང་བདེ་ཐང་ངང་རྒྱུན་མཐུད་འཁོར་སྐྱོད་ཡོང་བར་ཁག་ཐེག་བྱེད་དགོས།

(གསུམ) སྲིད་ཇུས་དྲིལ་སྒྲོག་ལེགས་པོར་སྤེལ་བ། ས་ཁུལ་སོ་སོས་བརྙན་འཕྲིན་དང་རྒྱང་སྒྲོག དྲ་རྒྱ། ཚགས་པར། ལག་ཁྱེར་ཁ་པར། དྲིལ་སྒྲོག་བྱང་བུ་སོགས་སྨྱན་བྱད་བེད་སྤྱད་ནས། སྨན་བཅོས་རོགས་སྐྱོར་སྲིད་ཇུས་ཀྱི་དྲིལ་སྒྲོག་འགྲེལ་བཤད་ལ་སྔར་ལས་ཤུགས་བསྣན་ནས། སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་བཞིན་པ་ལ་སྤྲོ་སེམས་འཁོལ་བའི་ངང་ལན་ཆ་སྤྲད་དེ། སྨན་བཅོས་རོགས་སྐྱོར་སྲིད་ཇུས་དེ་ཁྱིམ་ཚང་ཁྲི་མ་འབུམ་གྱིས་ཤེས་པར་བྱས་ཤིང་། སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་དུ་དོ་སྣང་བྱེད་པའི་སྨན་བཅོས་རོགས་སྐྱོར་བྱ་བའི་ཁོར་ཡུག་ལེགས་པོར་ཞིག་བསྐྲུན་དགོས།

ལག་བསྟར་འཆར་གཞི་འདི2021ལོའི་ཟླ4བའི་ཚེས4ཉིན་ནས་ལག་བསྟར་བྱེད་དགོས་ལ། སྔོན་གྱི《མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན་གྱི་སྨན་བཅོས་རོགས་སྐྱོར་ལམ་ལུགས་སྔར་ལས་འཐུས་ཚང་དུ་བསྐྲུན་པའི་སྐོར་གྱི་བརྡ་སྦྱོར》(མཚོ་སྲིད་གཞུང་ལས་ཐིན〔2015〕ཨང118པ)དུས་མཉམ་དུ་དོར་ནས་བཀོལ་མཚམས་འཇོག་དགོས།