མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གིས་གྱོད་ཞིབ་དག་ཐེར་ལ་ཤུགས་བསྣན་ནས་མུ་རི་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་སྲུང་གི་ལྟ་སྐུལ་དོ་དམ་བྱ་བར་སྐུལ་འདེད་ཏན་ཏིག་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་དང་། མུ་རི་གཏེར་ཁུལ་ནས་རྡོ་སོལ་ཁྲིམས་འགལ་སྔོག་འདོན་བྱས་པའི་གནད་དོན་མེ་ལོང་ལྟ་བུར་བཟུང་ནས་གྱོད་ཞིབ་དག་ཐེར་ལ་ཤུགས་བསྣན་ཆེད། 《མུ་རི་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་སྲུང་ལྟ་སྐུལ་དོ་དམ་བྱ་བ་གཏན་འབེབས》(གཤམ་ནས《གཏན་འབེབས》ཞེས་འགོད་རྒྱུ)པར་འགྲེམས་བྱས་ཏེ། ས་ཁོངས་དེའི་སྐྱེ་ཁམས་ཁོར་ཡུག་ཧྲིལ་པོར་ལྟ་སྐུལ་ཞིབ་ཕྲ་དང་སྐྱེ་ཁམས་ཁོར་ཡུག་གི་སྒྲིག་ཁྲིམས་ལག་བསྟར་བྱ་བར་དམ་པོར་འབྲེལ་ནས་མུ་རི་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ལྟ་སྐུལ་དོ་དམ་གྱི་དམིགས་འབེན་རང་བཞིན་ལ་སྔར་ལས་ཤུགས་བསྣན་དང་། མུ་རི་གཏེར་ཁུལ་དང་མདོ་ལ་རི་བོའི་ལྷོ་ངོས་མཚོ་སྔོན་ཁོངས་གཏོགས་ཀྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ལོ་གསུམ་གྱི་ལས་འགུལ་འོས་འགན་ཁག་བཅས་དོན་འཁྱོལ་ལག་བསྟར་བྱས།

《གཏན་འབེབས》ནང་མུ་རི་གཏེར་ཁུལ་ཡོངས་རྫོགས་ལྟ་སྐུལ་དོ་དམ་གྱི་ཁོངས་སུ་བཅད་ཅིང་། དེ་ཡང་རྡོ་སོལ་གོང་མ་དང་། གྲོག་རྒན། སྤྱང་ཚང་གཏེར་ཁུལ་གཙོ་བྱས་ཏེ་ཕྱོགས་བསྡུས་བཅོས་སྐྱོང་དང་སྐྱེ་ཁམས་སླར་གསོ། རྗེས་སོར་ལྟ་སྐྱོང་བཅས་རིམ་པ་གསུམ་གྱི་སྒོ་ནས་ཆུའི་སྐྱེ་ཁམས་སྲུང་སྐྱོང་དང་། ས་རྡུལ་གྱི་འབོག་བཙོག་བཀག་འགོག སྲ་སྙིགས་ཐག་གཅོད། ཁོར་ཡུག་གི་ཉེན་ཁ་འགོག་ཟོན། སྐྱེ་ཁམས་ལྟ་སྐུལ་ཚད་ལེན་དཔྱད་སྡུར་ལ་སོགས་པའི་ཕྱོགས་བསྡུས་བཅོས་སྐྱོང་གི་གོ་རིམ་ཧྲིལ་པོར་འབྲེལ་བའི་སྐྱེ་ཁམས་ཁོར་ཡུག་ལྟ་སྐུལ་དོ་དམ་གྱི་འགག་གནད15ཞིབ་མོར་བཏོན་པ་ཆབས་ཅིག སྲུང་སྐྱོང་ས་ཁོངས་ཕྱིའམ་གཞན་དག་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་ལ་ནུས་རྒུས་སྐུལ་འདེད་དང་། མིའི་བྱ་བྱེད་ཀྱིས་ས་གཤིས་ཡུལ་ལྗོངས་ལ་གཏོར་བརླག་བཟོ་བར་བཀག་འགོག རྩྭ་ས་དང་ན་འདམ་དུ་འབྲོག་ཕྱུག་འཚོ་སྐྱོང་ལ་ལྟ་སྐུལ་དོ་དམ་བྱེད་ཞོར་ལྟ་སྐུལ་ཚད་ལེན་དང་རྗེས་འདེད་རྟོག་ཞིབ་ལ་སོགས་ཐད་བླང་བྱ་བཏོན། ལྟ་སྐུལ་དོ་དམ་བྱེད་ཐབས་ཐད་ནས་ཉིན་རྒྱུན་གྱི་སྐོར་ཞིབ་དང་། བཅའ་སྡོད་ལྟ་ཞིབ་པ་མངག་གཏོང་། ཕྱོགས་བསྡུས་ཁྲིམས་འཛིན་ལག་བསྟར། རྟོག་ཞིབ་ཞིབ་འཇུག་གི་ལྟ་སྐུལ་འཁྲིད་སྟོན། ཆེད་དོན་རྟོག་ཞིབ་ལ་སོགས་བྱེད་ཐབས་རྣམ་པ་སྣ་ཚོགས་སྤྱད་དེ་ལྟ་སྐུལ་དོ་དམ་གྱི་གྲངས་ཀ་དང་བྱེ་བྲག་བླང་བྱ་གསལ་འབེབས་བྱས། ལྟ་སྐུལ་དོ་དམ་རིམ་པ་ནས་ཞིང་ཆེན་རིམ་པའི་སྐྱེ་ཁམས་སྡེ་ཚན་གྱིས་གཅིག་གྱུར་མཐུན་སྦྱོར་དང་ལྟ་སྐུལ་འཁྲིད་སྟོན་གྱི་འགན་དང་། འབྲེལ་ཡོད་རྫོང་རིམ་པའི་སྐྱེ་ཁམས་ཁོར་ཡུག་སྡེ་ཚན་གྱིས་ཕྱོགས་བསྡུས་ཁྲིམས་བསྟར་དང་ལྟ་ཞིབ་ཚད་ལེན་གྱི་སློབ་སྟོན་བྱ་བའི་འགན་འཁུར་བ་དང་། མུ་རི་སྐྱེ་ཁམས་ཁོར་སྲུང་ཅུས་ཀྱིས་ཉིན་རྒྱུན་གྱི་སྐོར་ཞིབ་ལ་བརྟེན་ནས་ལྟ་སྐུལ་དོ་དམ་གྱི་འོས་འགན་ལག་བསྟར་དོན་འཁྱོལ་བྱ་དགོས་པ་ཡིན། ལས་ཀའི་ནང་རྐྱེན་ལམ་ལུགས་ཕྱོགས་ནས་འགོ་ཁྲིད་བར་མཉམ་འབྲེལ་དང་མཉམ་འབྲེལ་གྲོས་ཚོགས། གནད་དོན་འབྲེལ་ཡོད་ལས་ཁུངས་ཐག་གཅོད་དུ་འཇུག་པའི་ཕུགས་ཕན་གྱི་ལྟ་སྐུལ་དོ་དམ་ལམ་ལུགས་བཙུགས།

གཞན་ད་དུང་ལྟ་སྐུལ་སྒྲིག་བཤེར་ལ་ཤུགས་སྣོན་དང་མང་ཚོགས་ཀྱིས་ལྟ་རྟོག་ལ་ཡར་སྐུལ་བྱེད་པ་ལ་སོགས་ཀྱི་འགན་སྲུང་བྱེད་ཐབས་ཞིབ་ཕྲ་བཟོས་ཏེ། མུ་རི་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གི་ལྟ་སྐུལ་དོ་དམ་བྱ་བ་ཚད་ལྡན་ཅན་དང་། ལམ་ལུགས་ཅན། ཕུགས་ཕན་ཅན་གྱི་ཕྱོགས་སུ་བསྒྱུར་ནས་འཁོར་སྐྱོད་ཐུབ་པར་ཁག་ཁུར་བྱས།

ཁོན་ཐར་འཚོས་བསྒྱུར།