ཁྲག་ཤེད་མཐོ་བ་དང་ཁྲག་ཚིལ་མཐོ་བ། ཁྲག་མངར་མཐོ་བ་ལས་ཡང་བསྐྱར“མཐོ་བ་གསུམ”གླེང་པ། (3)

རྒྱུ་རྐྱེན་བཞི་པ། འཚོ་བའི་གོམས་གཤིས། དུ་བ་མི་འཐེན་མཁན་དང་སྡུར་ན་དུ་བ་འཐེན་མཁན་ལ་སྙིང་ནད་ཀྱི་ནད་འཕར་བའི་ལྟོས་བཅོས་ཀྱི་ཉེན་ཁ་ཡང་ལྡབ་གཉིས་ལས་ཆེ་ངེས། ཁྲག་ཤེད་དམའ་བའི་ཁྲོད་ཀྱི་ཉེན་ཁ་ཡང་ལྡབ་གཅིག་གིས་ཆེ་ལ། འབྲས་སྐྲན་གྱིས་རྐྱེན་ལམ་དུ་ཤོར་བའི་ཉེན་ཁའི་འཕར་ཚད་ཡང45%ཡིན། སྤྱིའི་ཁ་གྲངས་ཀྱི་རྐྱེན་འདས་ཉེན་ཁའི་འཕར་ཚད་ནི21%ཡིན། དུ་བ་རྐང་གཉིས་འཐེན་པ་ན་སྐར་མ10ཡི་རྗེས་སུ་མཁལ་མའི་གཤེར་རྨེན་གྱི་ཟགས་ཐོན་ཇེ་མང་དུ་འགྲོ་བ་དང་སྙིང་གི་ལྡིང་ཚད་ཡང་ཇེ་མགྱོགས་སུ་སོང་ནས། གནོན་ཤུགས་འཁུམ་བསྡུ་དང་གནོན་ཤུགས་རྒྱ་སྐྱེད་ཚད་ཇེ་མཐོར་འགྲོ་ངེས། དུ་བ་འཐེན་པ་དེས་ཐད་ཀར་རམ་ཡང་ན་ཐད་ཀར་མ་ཡིན་པར་ཁྲག་ཤེད་མཐོ་བའི་ནད་པ་ཡི་འཚོ་བའི་རྒྱུ་སྤུས་ལ་ཤུགས་རྐྱེན་ཐེབས་སྲིད། དེ་ལས་གཞན་ཆང་ཚད་ལས་བརྒལ་བ་བཏུང་བ་དེ་ཡང་མཐོ་བ་གསུམ་གྱི་ཉེན་ཁའི་རྒྱུ་རྐྱེན་ཞིག་ཡིན། ཁྲག་ཤེད་དང་ཆང་བཏུང་བ། ཆང་ཚད་ལས་བརྒལ་བ་བཏུང་བའི་བར་དུ་འབྲེལ་བ་མངོན་གསལ་ཅན་ཞིག་ཡོད། ཆང་ཉུང་ཙམ་བཏུང་བ་དེས་གཅིན་སྙི་ཟ་ཁུའི་ནད་ལ་ཤུགས་རྐྱེན་ཆེན་པོ་མེད་མོད་འོན་ཀྱང་ཆང་ཚད་བརྒལ་བཏུང་མཁན་དེས་གཅིན་སྙི་ཟ་ཁུའི་ནད་བྱུང་བའི་ཉེན་ཁ43%ལ་འཕར་ཡོད།

རྒྱུ་རྐྱེན་ལྔ་བ། ལོ་ཚོད་ཀྱི་ཤུགས་རྐྱེན། མིའི་ཁྲག་ཤེད་ནི་གཏན་ནས་མི་འགྱུར་བ་ཞིག་མིན། ལོ་ཅུང་རྒན་པའི་མི་ཚོགས་ཀྱི་ལུས་པོར་ཁྲག་ཤེད་མཐོ་བ་ནི་རྒྱུན་མཐོང་གི་ནད་རིགས་ཤིག་ཡིན། ལོ་ཇེ་ཆེར་སོང་བ་དང་བསྟུན་ནས་ཁྲག་ཤེད་ཡང་རིམ་བཞིན་མངོན་གསལ་གྱིས་ཇེ་མཐོར་འགྲོ་བཞིན་ཡོད། ང་ཚོའི་ལུས་པོའི་དབང་བོའི་བྱེད་ནུས་མང་པོ་ཡང་རིམ་བཞིན་ཉམ་ཞན་དུ་འགྲོ་བཞིན་ཡོད། དེའི་མི་ཚད་ཁྲག་རྩའི་ནང་རོལ་ཡང་ཅུང་ཉམ་ཞན་ཅན་དུ་འགྱུར་བཞིན་ཡོད། ཁྲག་རྩའི་ངོས་མང་པོ་ཞིག་ཀྱང་འགག་པ་དང་རྒྱུན་ལྡན་མིན་པའི་གནས་ཚུལ་བྱུང་བཞིན་ཡོད། དེ་བས་ཟུངས་ཁྲག་གི་འཁོར་རྒྱུག་རྒྱུན་ལྡན་མིན་པ་དེས་མཐོ་བ་གསུམ་གྱི་རིམས་ནད་འབྱུང་སླ་ངེས།

འཚོ་བའི་གོམས་གཤིས། ཚན་རིག་དང་མཐུན་པའི་བཟའ་བཏུང་གི་གོམས་གཤིས་ལེགས་པོ་ཞིག་ཆགས་སུ་འཇུག་པ་དང་ནད་མ་བྱུང་བའི་ཡར་སྔོན་དུ་སྔོན་འགོག་བྱེད་རྒྱུ་ནི་མཐོ་བ་གསུམ་གྱི་ནད་སྔོན་འགོག་བྱེད་པའི་བྱེད་ཐབས་ནུས་ལྡན་ཞིག་ཡིན། གཅིག་ནི་སེམས་ཁམས་རྒྱུན་ལྡན་རྒྱུན་འཁྱོངས་བྱས་ཏེ་དགའ་སྤྲོ་དང་ཡིད་གདུང་ལ་གཡོལ་དགོས། མིའི་སེམས་ཁམས་ལ་གཡོ་འགུལ་བྱེད་སྐབས་དགའ་སྤྲོ་དང་ཡིད་གདུང་བྱུང་སྐབས་ཀྱི་ཚོར་སྣང་བསྣོལ་མའི་སྐབས་སུ་དབང་རྩ་ལ་ངར་ཤུགས་སློང་བ་དང་སྙིང་གི་འཕར་ལྡིང་ཇེ་མགྱོགས་སུ་འགྲོ་ངེས། གཉིས་པ་ནི་ལུགས་མཐུན་གྱི་བཟའ་བཏུང་ལ་སྦྱངས་བ་བྱས་ཏེ་ལུས་པོ་རྒྱགས་པ་ཆགས་རྒྱུར་གཡོལ་དགོས། ལུགས་མཐུན་གྱི་བཟའ་བཏུང་ཞེས་པ་ནི་ཚི་སྣའི་སྐུལ་རྒྱུ་མཐོན་པོ་དང་ཚྭ་ཉུང་བ། ཚིལ་ཞག་ཉུང་བའི་བཟའ་བཏུང་ལ་གོ ཤིང་ཏོག་དང་སྔོ་ཚོད། འབྲུ་རིགས་སོགས་མང་པོ་ཟོས་ན་ལུས་པོ་རྒྱགས་པ་ཆགས་རྒྱུར་གཡོལ་ཐུབ། བཟའ་ཚྭ་དང་ཀ་རའི་བཀོལ་ཚད་ཚོད་འཛིན་ནན་མོ་བྱེད་དགོས།

གསུམ་པ། ལུས་རྩལ་བྱ་འགུལ་ལ་ཧུར་ཐག་གིས་ཞུགས་ནས་ལུས་པོའི་སྦྱོང་བརྡར་ལ་ཤུགས་སྣོན་བྱ་དགོས། མཐོ་བ་གསུམ་གྱི་མི་ཚོགས་ཀྱིས་སྦྱོང་བརྡར་བྱས་ན་ཁྲག་ཤེད་མཐོ་བའི་ནད་ཀྱི་སྔོན་འགོག་ཐད་ལ་བྱེད་ནུས་ངེས་ཅན་ཐོན་ཐུབ། ཡིན་ཡང་རང་སྟེང་གི་གནས་ཚུལ་མི་འདྲ་བ་གཞིར་བཟུང་སྟེ་མགྱོགས་པོར་བགྲོད་པ་དང་དལ་གྱིས་རྒྱུགས་པ། ཆུར་རྐྱལ་བ་སོགས་དབྱང་ལྡན་འགུལ་སྐྱོད་བྱ་དགོས་ཤིང་། ལུས་སྦྱོང་རིམ་པ་གཅིག་རེ་ཡི་ལུས་སྦྱོང་ཚད་གཞི་ལ་ཡིད་འཇོག་བྱས་ཏེ་གོ་རིམ་ལྡན་པའི་ངང་རིམ་བཞིན་ཇེ་མགྱོགས་སུ་བཏང་ནས། བརྟན་པོའི་ཕྱོགས་ལ་ཕན་ནུས་རྒྱུན་འཁྱོངས་བྱ་དགོས། ལུས་རྩལ་སྦྱོང་བརྡར་འོས་འཚམ་གྱིས་ཁྲག་ཤེད་དང་ཁྲག་མངར། དེ་བཞིན་ལུས་པོའི་ལྗིད་ཚད་མར་འགྲིབ་སྲིད། མཐོ་བ་གསུམ་གྱི་ནད་མེད་པའི་མི་ཚོགས་ཀྱིས་ཀྱང་དེ་བཞིན་དུ་སྦྱོང་བརྡར་ངེས་ཅན་བྱས་པ་ན་སྔོན་འགོག་གི་བྱེད་ནུས་ཐོན་ཐུབ།

བཞི་པ། དུ་བ་འཐེན་ན་གློ་བར་ཉེན་ཁ་ཆེ། ནང་སྒོས་སུ་མཐོ་བ་གསུམ་གྱི་ནད་ཕོགས་པའི་གྲོགས་པོ་དག་ལ་ཉེན་ཁ་སྔར་ལས་ཆེ། ཆང་གིས་འཇུ་ལམ་མ་ལག་དང་ནང་སྒོས་སུ་མཆིན་པ་ལ་གནོད་སྐྱོན་ཚབས་ཆེན་ཐེབས་སྲིད། དུས་ཡུན་རིང་བོར་ཆང་བཏུང་ན་མཆིན་པ་སྲ་འགྱུར་གྱི་ནད་འབྱུང་ཚད་ཇེ་ཆེར་འགྲོ་ངེས།

འདི་འདྲའི་མང་པོ་ཞིག་བཤད་ཟིན་ལ། ནང་སྒོས་སུ་ཆེས་གཙོ་བོ་ཞིག་ནི་ང་ཚོས་མཐོ་བ་གསུམ་གྱི་ནད་རྟགས་སྔོན་འགོག་བྱེད་པའི་བྱེད་ཐབས་ནུས་ལྡན་ཞིག་བཙལ་རྒྱུ་དེ་ཡིན་ལ། གང་ལྟར་ལུས་པོ་བཟང་པོ་ནི་ཆེས་ཆེ་བའི་མ་རྩ་ཡིན། རང་ཉིད་ཀྱི་དགའ་ཕྱོགས་དང་ཁྱད་ཆོས་གཞིར་བཟུང་ནས་ནམ་རྒྱུན་སྙན་ཞིང་འཇེབས་པའི་གླུ་དབྱངས་ལ་ཉན་ནས་སེམས་ཁམས་སྐྱིད་པོ་དང་ལུས་སེམས་གཉིས་ཀ་ལྷོད་ལ་འབབ་དུ་འཇུག་དགོས། འཚོ་བའི་གོམས་གཤིས་ལེགས་པོ་དང་ཚན་རིག་དང་མཐུན་པའི་གོམས་གཤིས་ལེགས་པོ་ཞིག་ཆགས་དུ་བཅུག་སྟེ་ནད་མ་བྱུང་བའི་ཡར་སྔོན་དུ་སྔོན་འགོག་ལེགས་པོ་བྱེད་རྒྱུ་ནི་མཐོ་བ་གསུམ་གྱི་ནད་སྔོན་འགོག་བྱེད་པའི་ཐབས་ཤེས་ནུས་ལྡན་ཞིག་ཡིན་པས། ང་ཚོས་དངོས་སུ་འགུལ་སྐྱོད་བྱས་ཏེ་བདེ་ཐང་གི་ལུས་པོ་རྒྱུན་འཁྱོངས་ངང་མཐོ་བ་གསུམ་གྱི་ནད་དེའི་དཀའ་ཁག་དང་རྒྱང་གྱེས་དགོས།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།